༢༠༡༦ ཟླ་ ༨ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༡༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བའི་ནང་༸ཞབས་སོར་འཁོད་མཚམས། ཆུ་ཚོད་ ༣ ཙམ་གྱི་རིང་མགོན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་འཕྲོ་སྐྱོང་མཛད་ཡོད། སྐབས་དེར་༸གོང་ས་མཆོག་གིས་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚང་མའི་འབྱུང་ཁུངས་ནི་དཔལ་ནཱ་ལེནྡྲ་ནས་ཡིན་པ་དང་། དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱི་གཞུང་དེ་དག་འགྲེལ་བཤད་མཐིལ་ཕྱིན་པ་རྒྱག་ཐུབ་མཁན་གྱི་སྐད་ཡིག་གཅིག་པུ་དེ་བོད་ཀྱི་སྐད་ཡིག་ཡིན་པས། ཚང་མས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་ངེས་པར་དུ་བྱ་དགོས་པ་དང་། དེ་བཞིན་མགོན་པོ་གང་ཉིད་མཆོག་སྤྱོད་འཇུག་ཆེན་མོའི་ཉམས་ལེན་མཛད་མཁན་ཞིག་ཡིན་སྟབས། མང་ཚོགས་ནས་མགོན་པོ་གང་ཉིད་མཆོག་ལ་དད་པ་ཡོད་ན། དུས་ནས་དུས་སུ་སྤྱོད་འཇུག་ཆེན་མོ་བཀླགས་ནས་གང་ཐུབ་ཉམས་ལེན་བྱ་དགོས་པ་སོགས་ཀྱི་བཀའ་སློབ་སྩལ།
དེ་ནས་ཆུ་ཚོད་ ༡༡།༣༠ ཙམ་གྱི་ཐོག་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་རབས་གསོལ་འདེབས་གསུང་འདོན་དང་སྦྲགས། མདོ་ལུགས་ཆོ་གའི་སྒོ་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། བརྟན་བཞུགས་བསྟར་འབུལ་ཞུ་མཁན་ལ་དྭགས་ནང་པའི་ཚོགས་འདུ་ཡིན། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་བརྟན་བཞུགས་གཙོ་བོ་དེ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་དང་། དོ་བདག་ནས་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་། ཁ་ཡོད་ལག་ཡོད་ཀྱིས་གཞན་ལ་ཕན་པ་བསྒྲུབ་དགོས་པ་དེ་ཡིན་ཞེས་བཀའ་སློབ་སྩལ་ཡོད།
ཐེངས་འདིའི་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་དེ་བཞིན་ཕྱི་ཟླ་ ༨ ཚེས་ ༡༩ ཉིན་དབུ་འཛུགས་མཛད་ཡོད། དེ་ཉིན་མགོན་པོ་གང་ཉིད་མཆོག་གིས་དང་ཐོག་ཤེས་རབ་སྙིང་པོའི་བཀའ་ཁྲིད་མཛད་སྐབས་བཀའ་སློབ་ཕེབས་དོན། དུས་ཀྱི་འགྱུར་འགྲོས་དང་ལྷན་དེང་སྐབས་འཛམ་གླིང་འདིའི་ནང་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། ནང་སེམས་ཀྱི་ཞི་བདེས་ཕོངས་བསྡད་ཡོད། དེར་བརྟེན་དུས་ཀྱི་འགྱུར་འགྲོས་དང་མཐུན་པར་ནང་བསམ་བློར་ཡང་འགྱུར་བ་གཏོང་དགོས། ནང་པ་སངས་རྒྱས་པའི་ཆོས་ལ་དཔྱད་པ་བྱས་ཏེ་སློབ་སྦྱོང་དང་ཉམས་ལེན་བྱེད་པ་བརྒྱུད། དེང་དུས་དང་མཐུན་པ་ཞིག་བཟོ་དགོས། ནང་པའི་ལྟ་གྲུབ་ཀྱི་ཐོག་ནས་བཤད་པ་ཡིན་ན་ཚན་རིག་
པ་ཚོ་ང་ཚོའི་གྲོགས་པོ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༧ ལོར་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གི་དྲུང་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཤད་ལུང་དེ་བཞིན་ཞུས་གནང་མཛད་པ་ཞིག་ཡིན་འདུག །