༢༠༡༦ ཟླ་ ༨ ཚེས་ ༡༨་རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཏལ་ཀ་ཏོ་རའི་ Talkatora Stadium རྩེད་རའི་ནང་། སྤྱི་ཚོགས་དང་རིག་གཞུང་ཁག་གི་སྒྲིག་འཛུགས་ཁྱོན་ ༢༥ ལས་གྲུབ་པའི་རྒྱལ་སྤྱིའི་རཀཤ་བན་དན་གྱི་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་མཛད་སྒོའི་ཆེ་བསྟོད་སྐུ་མགྲོན་དུ་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་མང་ཚོགས་འདུ་འཛོམས་ཆེན་པོའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་འཕགས་བོད་མཛའ་འབྲེལ་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མཱར་ Indresh Kumar ལགས་ཀྱིས་ལམ་སྟོན་འོག་དུས་སྟོན་འདི་ལྟ་བུ་ཞིག་གཞི་རྒྱ་ཆེན་པོའི་ཐོག་གོ་སྒྲིག་གནང་ཐུབ་པ་བྱུང་འདུག དུས་སྟོན་སྲུང་བརྩིའི་མཛད་སྒོར་སྐུ་ཞབས་ཨིན་དི་རེ་ཤི་ཀུ་མར་ལགས་ཀྱིས་རཀ་ཤ་བན་དན་ཞེས་པ་ནི་འགྲོ་བ་མི་ཕན་ཚུན་ཙམ་མ་ཟད། རང་འབྱུང་ཁམས་དང་མཐུན་ལམ་བྱེད་རྒྱུའི་དུས་སྟོན་ཞིག་ཆགས་ཡོད་པ་དང་། ཉིན་མོ་དེར་རང་གི་དགའ་གཉེན་སྤུན་གྲོགས་ཚོའི་བདེ་སྡུག་ལ་རྒྱབ་སྐྱོར་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱ་རྒྱུའི་ཉེན་མོ་ཞིག་ཡིན། དེའི་མཚོན་རྟགས་སུ་དེ་ཉིན་བུད་མེད་ཚོས་རང་གི་གཅེན་གཅུང་སྐྱེད་པ་ཚོའི་ལག་ཏུ་ སྲུང་མདུད་འདོགས་སྲོལ་ཡོད། དེས་མཚོན་དོན་ནི་སྐྱེས་པ་ཚོས་རང་གི་སྤུན་མཆེད་སྲུང་སྐྱོབ་བྱེད་རྒྱུའི་འགན་ ལེན་བྱེད་མཚོན། མཚོན་དོན་དེ་མི་ཙམ་མ་ཟད། རང་བྱུང་ཁམས་ཀྱི་ཤིང་སྡོང་དང་རི། མཚོ་སོགས་སྲུང་སྐྱོབ་བྱེད་ཆེད་འདོགས་སྲོལ་ཡོད་སྐོར་གསུངས།
དུས་སྟོན་ཐོག་རྒྱ་གར་དབུས་གཞུང་གི་ཡུལ་སྐོར་དང་རིག་གཞུང་བློན་ཆེན་སྐུ་ཞབས་མ་ཧེཤ་ཤར་མ་ Dr. Mahesh Sharma མཆོག་དང་། མངའ་སྡེའི་འཐག་ལས་བློན་ཆེན་ཨ་ཇེ་ཏམ་ཊ་Ajay Tamta མཆོག རྒྱ་གར་གྲོས་ཚོགས་འཐུས་མི་ལྕམ་མི་ནཀྴི་ལེ་ཁི་ Meenakshi Lekhi ལགས། རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨུ་དི་ཏི་རཱཇ་Dr. Udit Raj ལགས། དེ་བཞིན་རྒྱ་གར་གྱི་མཆོད་དཔོན་ཁག་གཅིག་དང་། གཞུང་ཚབ་པ། རྒྱ་གར་ནང་ཡོད་པའི་རྒྱལ་ཁབ་འདྲ་མིན་གྱི་ཆེས་མཐོའི་མི་སྣ་ཁག་གཅིག རྒྱ་གར་ནང་གི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་བཅས་མཉམ་ཞུགས་གནང་འདུག
སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ང་ཚོས་རང་གིས་སྲིང་མོ་སྲུང་སྐྱོབ་བྱེད་རྒྱུའི་ཁས་ལེན་བྱས་པ་ཙམ་དུ་མ་ཟད། འཛམ་གླིང་རཀཤ་བན་དན་གྱི་དུས་སྟོན་སྲུང་བརྩིའི་རྟེན་འབྲེལ་མཛད་སྒོར་ང་ཚོས་སོ་སོའི་ཁོར་ཡུག་དང་། རྒྱལ་ཁབ། རིག་གཞུང་ཕྱུག་པོ་འདི་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་ཡང་འབུལ་དགོས། ཞེས་གསུངས་ཡོད། དུས་སྟོན་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་ཡིག་ཆ་བགོ་འགྲེམས་ཞུས་ཡོད།།