༢༠༡༦ ཟླ་ ༨ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༡ ཉིན་རྡ་ས་དགེ་ལྡན་ཆོས་གླིང་དུ་བསྐོང་ཚོགས་གནང་བའི་བཙུན་མའི་འཇང་དགུན་ཆོས་ཐེངས་ཉེར་གཅིག་པར་བཅར་ཞུགས་བཙུན་མ་རྣམས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་ཆོས་འབྲེལ་བསྩལ་ཞོར་བཀའ་སློབ་ཕེབས་དགོངས་སུ། རང་རེའི་སློབ་གྲྭ་ཁག་ཏུ་ནང་པའི་ཚན་རིག་དང་ལྟ་གྲུབ་སློབ་ཁྲིད་གནང་མཁན་རྣམས་ལ་ཆོས་དགེ་ཞེས་འབོད་པ་མི་རན་ཞིང་། ཆོས་དགེ་ཟེར་བ་ཆོས་ལུགས་ཀྱི་སློབ་དཔོན་ལྟ་བུ་ཞིག་ལ་གོ་ཉེན་ཆེ་བས། དེར་མཁས་པའི་བགྲོ་གླེང་ཞིག་གནང་གལ་ཕེབས་པ་ལྟར། འདི་ག་ཤེས་རིག་ལས་ཁུངས་ནས་རང་རེ་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་ཐོག་མཁྱེན་ཡངས་མཁས་པ་ཁག་བདུན་ལ་དགོངས་ཚུལ་གནང་ཕྱོགས་སྐོར་རེ་འདུན་ཞུས་པར། མཁས་དབང་ཁག་དྲུག་ནས་དགོངས་ཚུལ་ཡིག་ཐོག་གནང་འབྱོར་བྱུང་བ་ཞིབ་བསྡུར་གྱིས་ད་བར་གཏན་ཉིན་སློབ་གྲྭ་ཁག་ནང་ལྟ་གྲུབ་སློབ་ཁྲིད་གནང་མཁན་ལ་ཆོས་དགེ་ཞེས་མཚན་འབོད་བྱེད་བཞིན་ཡོད་ཀྱང་། གསལ་བསྒྲགས་འདི་ཉིད་ཞུས་པའི་ཟླ་ཚེས་ནས་བཟུང་རང་རེ་གཏན་ཉིན་སློབ་གྲྭ་ཁག་ཏུ་ནང་བསྟན་ལྟ་གྲུབ་སློབ་ཁྲིད་གནང་མཁན་ལ་ལྟ་གྲུབ་དགེ་རྒན་ཞེས་འབོད་རྒྱུ་གཏན་འཁེལ་སོང་བའི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༣ ལ།།