༢༠༡༦ ཟླ་ ༨ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡ ཉིན་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་དང་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་འོག ཆོས་བརྒྱུད་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་གྲྭ་བཙུན་ ༣༢ ཙམ་ལ་རྡ་ས་དབུས་སྣེ་ལེན་ཁང་དུ་དེང་དུས་ཚན་རིག་གི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཡོལ་ཙམ་ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་ཐུབ་བསྟན་ལགས་དང་། ཟབ་ཁྲིད་པ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་ཀརྨ་ཐུབ་བསྟན་ལགས། ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་གྲྭ་བཙུན་རྣམ་པ། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར། ཟུང་དྲུང་ཐུབ་བསྟན་ལགས་ཀྱིས་ཟབ་སྦྱོང་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་བསྟུན། དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་དོན། རྣམ་པ་ཚོས་དང་ཐོག་ནས་ཤེས་དགོས་རྒྱུ་དེ་གང་འདུག་ཞུས་ན། ང་ཚོའི་ནང་ཆོས་འདི་གཞན་སུ་ཞིག་ལ་མེད་པ་སྤུས་དག་དང་ཚད་ལྡན་ཞིག་ཡོད། སོ་སོས་མ་ཤེས་ན་གནས་ཚུལ་ཐ་དད་རེད། དེ་འདྲ་ཞིག་ཡོད་ཀྱང་ང་ཚོས་ལག་བསྟར་བྱེད་སྐབས་དཀའ་ངལ་ཞིག་འཕྲད་ཀྱི་འདུག གང་ལ་ཞེ་ན། ནང་ཆོས་ལ་རྒྱུ་ཆ་མེད་པའི་དཀའ་ངལ་མེད། འོན་ཀྱང་སྤྱི་ཚོགས་ཀྱི་གོམས་གཤིས་ཀྱི་ཁྱད་པར་སོགས་ནས་མར་བཤད་པ་མ་གཏོགས། སྤྱི་ཚོགས་ཁྲོད་གཙང་སྦྲ་འཕྲོད་བསྟེན་དང་འཐུང་ཆུ་ཡར་རྒྱས་གཏོང་རྒྱུ་སོགས་འཛུགས་སྐྲུན་ཐོག་ཕྱིན་ནས་བྱེད་མཁན་མེད་པའི་སྐྱོན་ཆ་དེ་ཏན་ཏན་ཡོད།
ང་ཚོས་དེར་དོ་སྣང་བྱེད་དགོས་ཀྱི་འདུག དེར་དྲི་བ་སླེབ་སྲིད་པ་རེད། ང་ཚོའི་དམིགས་ཡུལ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་རེད། གཙང་སྦྲ་འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཕྱི་ཞུས་ནས་རྒྱུག་རྒྱུ་དེ་མ་རེད་ཅེས་བརྗོད་མི་སྲིད་པ་དང་བསམ་མི་སྲིད་པ་མ་རེད། འོན་ཀྱང་འདི་ང་ཚོས་སོ་སོས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་དུས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཆེད་ཤུགས་ག་ཚོད་བརྒྱབ་ཐུབ་ཀྱི་འདུག་གམ། ངས་ཁ་རེ་ཁ་ཐུག་ཞུས་ཀྱི་ཡོད། ཐར་པ་དང་ཐམས་ཅད་མཁྱེན་པའི་སྒོ་འཕང་དོན་དུ་ཤུགས་དེ་ཙམ་རྒྱག་ཐུབ་ཀྱི་མེད་ན། མ་མཐར་ཡང་སོ་སོས་སློབ་སྦྱོང་སྦྱང་བཞག་པ་དེས་ཕན་ཐོག་ཐུབ་པ་ཞིག་དགོས་ཀྱི་ཡོད། ཐར་པ་དང་ཐམས་ཅད་མཁྱེན་པ་དང་ཉོན་མོངས་སྤང་རྒྱུ་སོགས་ཀྱི་ཐོག་ཤུགས་བརྒྱབ་སྟེ་འགྲོ་ཐུབ་མཁན་ཡང་ཡོད་པ་དེ་ཚོ་ཧ་ཅང་ཡག་པོ་རེད། ང་ཚོ་མང་པོ་ཞིག་གིས་དེ་ལྟར་ཐུབ་ཀྱི་མེད་སྟབས། ཕྱོགས་གཅིག་ནས་དེ་ཚོ་བློས་མ་བཏང་བར་གང་ཐུབ་བྱས། གཉིས་ནས་ལག་ལེན་ཐོག་ནས་བསྟན་ཐུབ་ན་སངས་རྒྱས་བསྟན་པ་ལའང་ཧ་ཅང་ཕན་ཐོགས་ཡོང་གི་རེད་བསམས་ཀྱི་འདུག
ང་རང་སྤྱིར་བཏང་དེབ་མང་པོ་ཀློག་མཁན་ཞིག་ཡིན། ཕྱི་རྒྱལ་གྱི་དེབ་མང་པོ་བཀླགས་ནས་ནང་ཆོས་དང་བསྡུར་སྐབས་ཆ་ཚང་ནང་ཆོས་ནང་འདུག་བསམ་པའི་ངེས་ཤེས་ཆེ་རུ་འགྲོ་གི་འདུག ང་ཚོས་ཚན་རིག་ནང་དངོས་ཡོད་གནས་ཚུལ་སྦྱང་པ་དེ་དག་ནང་ཆོས་དང་བསྡུར་ནས་བལྟ་སྐབས། ཚན་རིག་གིས་བཤད་པ་དེ་དག་ནང་ཆོས་ནང་སྔོན་མ་ནས་བཤད་ཚར་བ་རེད། ནང་ཆོས་ཡག་པོ་ཆགས་དང་མ་ཆགས་དེ་ཚན་རིག་དང་མཐུན་ན་འགྲིག་པ་དང་། ཚན་རིག་དང་མ་མཐུན་ན་འགྲིག་མེད་པའི་སྐད་ཆ་མིན། ནང་ཆོས་དང་ཚན་རིག་བསྡུར་ནས་མཉམ་དུ་འགྲོ་རྒྱུ་དེ་གཞན་ལ་ཕན་ཐོགས་ཆེད་ཡིན། ཁ་ཐུག་བཤད་ན་འཕྲོད་བསྟེན་ཆེད་ཡིན། འཕྲོད་བསྟེན་ཞེས་བཤད་སྐབས་ཧ་ཅང་རྒྱ་ཆེན་པོ་རེད། སེམས་ཀྱི་འཕྲོད་བསྟེན་ཐོག་ནང་ཆོས་ལ་བཤད་རྒྱུ་ཡོད། ལུས་ཀྱི་འཕྲོད་བསྟེན་སྟེང་ཚན་རིག་པར་བཤད་རྒྱུ་ཡོད། དངོས་ཡོད་གནས་ཚུལ་ཐོག་ཚན་རིག་ཅེས་པ་དེ་གཟུགས་ཅན་ཞིག་གི་ཐོག་སྦྱར་ནས་བཤད་ཀྱི་ཡོད། དེང་གི་དུས་ཚོད་འདིར་ཚན་རིག་ཅེས་བརྗོད་སྐབས་ཚང་མས་ཡིད་སྨོན་སྐྱེས་ས་ཞིག་ཆགས་ཡོད། ཚན་རིག་དང་འཕྲུལ་ཆས་ལ་ཡིད་ཆེས་བྱེད་མཁན་ཚོར་ནང་ཆོས་ནས་དེའི་སྐོར་སྔོན་མ་བཤད་ཟིན་པ་རེད། དེར་བརྟེན་ནང་ཆོས་དང་ཚན་རིག་མཐུན་པ་རེད་ཅེས་བརྗོད་སྐབས་ཡིད་ཆེས་ཆེ་རུ་འགྲོ་གི་རེད། ཡིད་ཆེས་བྱས་པའི་ཐོག་ནས་ང་ཚོས་ཕན་ཐོགས་བྱེད་ཤུགས་ཆེ་རུ་འགྲོ་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྤྱིར་ཆོས་རིག་ལས་ཁུངས་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་སྔ་ཕྱིའི་གྲོས་ཆོད་དང་། ཕྱི་ལོ་ ༢༠༡༣ ལོར་བསྐོང་འཚོགས་གནང་བའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཐེངས་དང་པོའི་གྲོས་ཆོད། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་བཅས་ལ་གཞིར་བཅས། དབུ་མའི་འཛིན་གྲྭར་སྐྱོད་བཞིན་པའམ་བསླབ་པ་མཐར་སོན་དགེ་འདུན་པ་རྣམས་ལ་དེང་དུས་ཚན་རིག་གི་ངོ་སྤྲོད་དང་གོ་རྟོགས་སྤེལ་ཕྱིར། ཕྱི་ལོ་ ༢༠༡༤ ནས་བཟུང་ཚན་རིག་འཛིན་གྲྭ་མེད་པའི་ཆོས་སྡེ་ཁག་གི་སློབ་གཉེར་བར་དམིགས་ཏེ་ཆོས་རིག་ལས་ཁུངས་ནས་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་རམ་འདེགས་འོག་༼དགེ་འདུན་པའི་དེང་དུས་ཚན་རིག་ཟབ་སྦྱོང་༽ཞེས་པའི་ལས་རིམ་ཞིག་ལག་བསྟར་གནང་མུས་བཞིན། ཐེངས་འདིར་གྲྭ་བཙུན་གྲངས་སུམ་ཅུ་སོ་གཉིས་མཉམ་ཞུགས་གནང་ཡོད་པ་དང་། སློབ་ཚན་ཁྲོད་དངོས་ཁམས་རིག་པ་དང་། སྐྱེ་དངོས་རིག་པ། དབང་རྩའི་ཚན་རིག་བཅས་ངོ་སྤྲོད་གནང་རྒྱུའི་ལས་རིམ་བསྒྲིགས་འདུག ཟབ་སྦྱོང་འདི་བཞིན་ཕྱི་ཟླ་ ༨ ཚེས་ ༡ ནས་ ༡༣ བར་འཚོགས་རྒྱུ་ཡིན་པ་དང་། ཟབ་ཁྲིད་གནང་མཁན་ཁོངས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་ཀརྨ་ཐུབ་བསྟན་ལགས། ཀརྨ་བརྩོན་འགྲུས་ལགས། བསྟན་འཛིན་རྟ་མགྲིན་ལགས་བཅས་ཡིན་འདུག ཟབ་སྦྱོང་གི་ལས་རིམ་ཁྲོད་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེའི་མཇལ་ཁ་དང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་གནས་ཆུང་གྲྭ་ཚང་གཉིས་ལ་མཆོད་མཇལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་སྐོར་བསྐྱོད། ཉེ་འཁོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། སྒྲོལ་མ་གླིང་། རྒྱུད་སྟོད་གྲྭ་ཚང་བཅས་སུ་མཆོད་མཇལ་གནང་རྒྱུ་སོགས་ཀྱི་ལས་རིམ་ཡང་འདུག །