༢༠༡༦ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༡༥ ཙམ་གྱི་སར་ཆགས་པའི་ལ་དྭགས་ཁྲིག་རྩེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་༸ཞབས་སོར་འཁོད་སྐབས། དགོན་པའི་མཁན་རིན་པོ་ཆེ་ངག་དབང་བྱམས་པ་བསྟན་འཛིན་མཆོག་གིས་དབུས། ༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ། དེ་བཞིན་དགོན་སྡེ་ཁག་གི་མཁན་བླ་སྤྲུལ་དང་དགེ་བཙུན་རྣམ་པ། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག
དེ་བཞིན་ཁ་ཆེའི་ཆོས་པའི་སྐུ་ཚབ། ཆོས་རྭའི་ནང་འདུས་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་སེར་སྐྱ་མང་ཚོགས་ཁྱོན་གྲངས་ ༦༠༠༠ བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་སོགས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་ངང་དགོན་པའི་ཆོས་རྭའི་ནང་གདན་ཞུ་གནང་། ༸གོང་ས་མཆོག་གིས་ལ་དྭགས་ཁྲིག་རྩེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་དུ་དབྱར་ཆོས་ཆེན་མོ་དབུ་འབྱེད་མཛད་སྒོའི་ཐོག་དབུ་བཞུགས་མཛད་པ་དང་། ཁྲིག་རྩེ་དགོན་པ་དང་མང་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོན་པའི་གཙུག་ལག་ཁང་གསར་པ་རྟེན་དང་བརྟེན་པ་བཅས་པ་རབ་གནས་བཀའ་དྲིན་བསྐྱངས་པ་དང་སྦྲགས། སྣང་གསལ་ཞལ་ཕྱེ་མཛད། དེ་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་དགོན་པའི་དགེ་འདུན་པ་ཁག་གཅིག་གིས་ཤིས་བརྗོད་གསུང་འདོན་གནང་། དེ་ནས་ཁྲིག་རྩེ་མཁན་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་རྟེན་འབྲེལ་དང་འབྲེལ། ཁྲིག་རྩེ་སེར་སྐྱ་མང་ཚོགས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་མཚོན་སླད་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ་ཐུགས་དགྱེས་བཞེས་མཛད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དུས་རྒྱུན་ངོས་ཀྱིས་མང་ཚོགས་ལ་སྐད་ཆ་ཤོད་སྐབས་སྤུན་མཆེད་ཕོ་མོ། ཞེས་འབོད་བཞིན་ཡོད། དེ་རིང་འདིར་ཡང་དེ་མཚུངས་ཞུ་འདོད་བྱུང་། ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཆགས་ཡོད་ལ། ཆ་ལུགས་དང་སྐད་རིགས། ཆོས་ལུགས་མི་འདྲ་བ་ཡོད་ཀྱང༌། ས་ཆ་འདིའི་སྒང་ལ་ང་ཚོ་བསྡད་ནས་འཛོམས་སྐབས་མི་དང་མིའི་བརྩེ་བ་དང་མི་དང་མིའི་གྲོགས་པོའི་འདུ་ཤེས་བྱས་ནས་འཛོམས་ཡོང་གི་ཡོད།
དེར་བརྟེན་ས་ཆ་འདིའི་སྟེང་འཛོམས་པའི་ང་ཚོ་མི་ཚང་མ་གཞི་རྩའི་ཆ་ནས་མི་གཅིག་གྱུར་ཆགས་ཡོད། མི་གཅིག་གྱུར་ཡིན་པའི་ཆ་ནས་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་གཅིག་གྱུར་ཡིན་སྟབས། གལ་ཆེ་ཤོས་སྡུག་བསྔལ་སེལ་རྒྱུ་དང་། བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་གཅིག་གྱུར་ཡོད། གཞི་བརྟེན་དེའི་ཐོག་ནས་ང་ཚོ་མི་དང་མི་ཕན་ཚུན་བར་བརྩེ་བ་དང་རོགས་བྱ་རྒྱུ་གཞི་རྩ་འདིའི་ཐོག་ནས་ཡོང་དགོས་ཀྱི་ཡོད། ང་ཚོ་འཛམ་གླིང་འདིའི་ཐོག་མིས་བཟོས་པའི་དཀའ་ངལ་མང་པོ་ཡོད་ལ། དེ་དག་ང་ཚོས་མི་གཅིག་གྱུར་གྱི་འདུ་ཤེས་གལ་འགངས་ཆེན་པོར་མ་བརྩིས་པར་ནང་གསེས་ མི་རིགས་མི་འདྲ་བ་དང་། ཆོས་ལུགས་མི་འདྲ་བ། མཚོན་མདོག་མི་འདྲ་བ། རྒྱལ་ཁབ་དང་ལམ་ལུགས་མི་འདྲ་བ། དབུལ་ཕྱུག་མི་འདྲ་བ། ཤེས་ཡོན་ཡོད་མེད་དང་། རིགས་རུས་སོགས་མི་འདྲ་བ་ཕྲན་བུ་ཡོད་པ་དེ་དག་ལ་ང་ཚོས་གལ་གནད་ཆེན་པོར་རྩི་ཡོང་སྐབས་རྙོག་གྲ་ཞིག་ཡོང་བཞིན་ཡོད། རྙོག་གྲ་དེ་སེལ་བར་ད་ཆ་ང་ཚོས་མི་གཅིག་གྱུར་གྱི་འདུ་ཤེས་འདི་གལ་ཆེན་པོར་བརྩི་དགོས། ངོས་རང་འཛམ་གླིང་འདིའི་སྒང་གི་ཡུལ་ལུང་འདྲ་མིན་ལ་སླེབ་བཞིན་ཡོད། མི་སྣ་འདྲ་མིན་དང་ཐུག་འཕྲད་ཡོང་གི་ཡོད། མི་ཐུག་སྐབས་མི་གཅིག་པ་ཡིན་བསམ་པའི་ཀུན་སློང་ འཁྱེར་གྱི་ཡོད་པ་ལས་ངོས་རང་ནང་པ་ཡིན་པ་དང་། བོད་པ་ཡིན། ངོས་རང་༸སྐྱབས་མགོན་ཏཱ་ལའི་བླ་མ་ཡིན་བསམ་པ་གཏན་ནས་བསམ་བློ་གཏོང་གི་མེད།
མི་གཅིག་པ་ཡིན་བསམ་པའི་ཐོག་ནས་ཐུག་སྐད་ཆ་བཤད་ནས་འགྲོ་གི་ཡོད།
ད་ལྟ་འཛམ་གླིང་འདིའི་སྟེང་རང་བཞིན་འབྱུང་བའི་གནོད་པ་ཇེ་ཆེར་འགྲོ་བཞིན་འདུག འཛམ་གླིང་ཚ་དྲོད་རྒྱས་བཞིན་པ་དེས་རྐྱེན་པས་རང་བཞིན་འབྱུང་བའི་གནོད་པ་འདི་མུ་མཐུད་ནས་ཆེ་རུ་འགྲོ་ངེས་རེད། རང་བཞིན་འབྱུང་བའི་གནོད་པ་འདི་ལྟ་བུ་ཞིག་ཡོད་མུས་ཁར་ད་དུང་ང་ཚོ་མི་རང་ཉིད་ཀྱིས་བཟོས་པའི་རྙོག་གྲ་དེ་དག་དང་དུ་བླངས་པའི་ཐོག་ནས་ད་དུང་རྙོག་གྲ་བཟོ་བསྡད་ན་ཕན་ཐོགས་གང་ཡོད་དམ། མི་ཟེར་བ་དེ་དུད་འགྲོ་ལྟར་བསམ་བློའི་རྣམ་དཔྱོད་མེད་ན་གནས་ཚུལ་ཐ་དད་རེད། དུད་འགྲོ་ལྟར་མིན་པར་ཏོག་ཙམ་འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་བློ་འཁོར་མཁན་ཞིག་ཡིན་ན། ད་ཆ་ང་ཚོ་མིས་བཟོས་པའི་རྙོག་གྲ་འདི་ཙམ་གྱི་འགྲིག་པ་འདུག ད་རྙོག་གྲ་མི་ཡོང་བ་ཞིག་བྱེད་དགོས་སྙམ་པའི་བསམ་བློ་ཚང་མས་གཏོང་དགོས་ཚོད་རེད། འཛམ་གླིང་སྤྱི་ལ་ཕན་པ་ཞིག་དང་སྐྱིད་པོ་ཡོང་བར་འདོད་ན། ཐོག་མར་རང་ཉིད་ཀྱི་ཉེ་འཁོར་ལ་འཆམ་མཐུན་དང༌། སོ་སོའི་ཉེ་འཁོར་ལ་དྲང་བདེན། དེ་བཞིན་ཞི་བདེ་བག་ཕེབས་ཡོང་བ་ཞིག་བཟོ་དགོས་པ་དང༌། དེ་ནས་ཁྱིམ་མཚེས་དང་། སྤྱི་ཚོགས། ཡུལ་ལུང་དང་རྒྱལ་ཁབ་བཅས་རིམ་བཞིན་འཛམ་གླིང་སྤྱི་ལ་ཞི་བདེ་ཡོང་ངེས་རེད།
དེར་བརྟེན་ང་ཚོ་ཚང་མར་འགན་ཡོད། སྐད་ཆ་འདི་ངོས་རང་ས་ཆ་གང་དུ་བསླེབས་ཀྱང་འདི་ལྟར་ཤོད་བཞིན་ཡོད། ངོས་རང་སྒེར་ལ་མཚོན་ན་མི་ལ་ཕན་ན་བསམས་ནས་སྐད་ཆ་འདི་འདྲ་ཤོད་སྐབས་སོ་སོ་སྒེར་ལའང་ཕན་ཐོགས་འདུག སོ་སོ་ལའང་ཁེ་ཕན་འདུག ངོས་ལ་འཛམ་གླིང་འདིའི་སྒང་གྲོགས་པོ་ཧ་ཅང་མང་པོ་ཡོད། གྲོགས་པོ་དེ་དག་ངོས་ཀྱིས་ཚང་མར་ཕན་སེམས་དང་མི་དང་མི་གཅིག་གྱུར་འདུ་ཤེས་བཞག་ནས་ཕྱིན་སྟབས་གྲོགས་པོ་མང་པོ་ཆགས་ཡོད། ངོས་རང་༸རྒྱལ་བ་རིན་པོ་ཆེ་ཡིན།
ངོས་རང་བླ་མ་ཧ་ཅང་རྩ་ཆེན་པོ་ཡིན་བསམས་ནས་བསྡད་ན་གྲོགས་པོ་ཡོང་རྒྱུ་མེད། དེ་རིང་འདིར་ཁྲིག་སེ་རིན་པོ་ཆེའི་དབྱར་ཆོས་ཀྱི་འཛིན་གྲྭ་འཚོགས་རྒྱུ། དབྱར་ཆོས་དང་པོ་དེ་ལ་དྭགས་ཀླུ་འཁྱིལ་དགོན་དུ་ཧ་ཅང་ཡག་པོ་བྱུང་སོང་། དེ་རྗེས་དཔེ་ཐུབ་ལའང་ཧ་ཅང་ཡག་པོ་བྱུང་སོང་། དེ་རིང་འདིར་ཁྲིག་སེ་རིན་པོ་ཆེས་གྲ་སྒྲིག་གནང་ནས་ཧ་ཅང་ཡག་པོ་བྱུང་སོང་། སློབ་ཕྲུག་ཕོ་མོ་ཚོ་རེད། དེ་བཞིན་གྲྭ་བཙུན་ཚོས་ཀྱང་འདིར་རྟགས་གསལ་གཏོང་བ་འདི་ཧ་ཅང་ཡག་པོ་བྱུང་། ཁྱེད་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དེ་རིང་འདིར་ཁྲིག་སེ་རིན་པོ་ཆེས་གྲ་སྒྲིག་གནང་རྒྱུ་འདི་དག་ཧ་ཅང་ཡག་པོ་གནང་འདུག ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་གསེར་གྱི་རྟགས་མ་ཞིག་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐྱོ་བོ་བྱུང་ན་གསེར་གྱི་རྟགས་མ་འདི་བཙོང་རྒྱུ་ཡིན། ཞེས་ཞལ་ཤོབ་མཛད། དེ་རྗེས་མུ་མཐུད་བཀའ་སློབ་སྩལ་དོན།
དེ་རིང་འདིར་ཆབ་སྲིད་ཀྱི་མི་སྣ་དང་། ཕྱོགས་མཚུངས་ཁ་ཆེའི་ཆོས་ལུགས་ཀྱི་ཤི་ཡ་དང་སུན་ནི་སྡེ་ཚན་གྱི་སྐུ་ཚབ་འཐུས་མི་རྣམ་པས་གསུང་བཤད་དངོས་གནས་སྙིང་ཁོངས་རུས་པའི་གཏིང་ནས་ཞེས་བརྗོད་ཆོག་རྒྱུ་རེད། ཁ་ནས་འདྲ་ཆག་པོ་དང་མཛེས་པོ་མིན་པར་དངོས་གནས་སོ་སོའི་ཚོར་བ་ཡོད་པ་ཞིག་ཐོག་ནས་གསུང་བཤད་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་འདི་གར་ཁྲི་རིན་པོ་ཆེ་ཁོང་གི་སྐུ་མདུན་ནས་ངོས་ཀྱིས་གསུང་ཆོས་མང་པོ་ཞུས་ཡོད། སྐབས་རེ་རིན་པོ་ཆེའི་གསུང་འདི་དེ་ཙམ་གསལ་པོ་གོ་ཡི་མི་འདུག གང་ལྟར་རིན་པོ་ཆེས་དངོས་གནས་དྲང་གནས་བསྟན་པའི་ཁུར་བཞེས་མཁན་བསམ་གྱིས་མི་ཁྱབ་པ་རེད། དགེ་སློང་འདུལ་བ་འཛིན་པ་བསམ་གྱིས་མི་ཁྱབ་པ་རེད། མཁས་གྲུབ་གཉིས་ལྡན་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཛམ་གླིང་འདིའི་སྟེང་ཐབས་སྐྱོ་བ་ཞིག་ལ་རྙོག་གྲ་ཡོང་རྒྱུའི་རྐྱེན་རྩ་གཅིག་ཆོས་དད་མི་འདྲ་བ་ཡོད་པའི་ཐོག་ནས་ཡོང་བཞིན་འདུག ཧ་ཅང་བློ་ཕམ་པོ་རེད། བྱམས་པ་དང་བརྩེ་བའི་བསླབ་བྱའི་འབྱུང་ཁུངས་སུ་བརྩི་རྒྱུའི་རིས་སུ་མ་ཆད་པའི་ཆོས་རྒྱུད་འདི་ཆགས་སྡང་འཕེལ་གཞིར་ཕྱིན་པ་ཡིན་ན། དངོས་གནས་སྨན་དུག་ཏུ་ཕྱིན་པ་ལྟར་རེད། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་སྒྲིལ་ཐོག་ལ་ལོ་མང་པོའི་རིང་ནས་འབད་བརྩོན་བྱེད་བཞིན་ཡོད། ལུང་པ་གང་སར་ངོས་ཀྱིས་རྟག་པར་ཤོད་ཀྱི་ཡོད། ཕན་ཐོགས་ཀྱང་གང་ཙམ་འདུག
ལ་དྭགས་ལ་ཆ་མཚོན་ན་ནང་པ་དང༌ཁ་ཆེའི་བར་འབྲེལ་བ་ཡག་པོ་འདུག་ལ། ཁ་ཆེའི་ནང་ཁུལ་དུའང་ཤི་ཡཱ་དང་སོ་ནིའི་བར་འབྲེལ་བ་ཡག་པོ་ཡོད་པ་ཞིག་མཐོང་ བྱུང་། དེ་ནི་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པའི་ནོར་བུ་ཞིག་ཡིན་པས་དེ་ལ་བདག་ པོ་ཡག་པོ་རྒྱག་རོགས། ག་ལེར་ནོར་བུའི་འོད་ཟེར་འཕྲོས་ཏེ་རྒྱ་གར་ཡོངས་དང༌། དེ་ནས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་ང་ཚོ་ཚང་མའི་ལས་འགན་རེད། ཁྱེད་རང་ཚོས་ལ་དྭགས་གཅིག་པུར་བསམ་བློ་བཏང་ནས་མི་སྡོད་པར་བསམ་བློ་རྒྱ་ཆེན་ པོ་གཏོང་རོགས།
སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ན་འོ། །ཞེས་གསུངས་ཡོད། སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ལྷ་ཁང་རྫིག་པོ་དང་། སྐུ་རྫིག་པོའི་སྐད་ཆ་མིན་པར་ཐོས་བསམ་སློབ་གཉེར་ཡག་པོ་ཞིག་བྱས་ཏེ་ནང་གི་ གཤིས་རྒྱུད་ཡག་པོ་ཡོད་པ་དེ་ལུང་གི་བསྟན་པ་དང་། དེ་ལག་ལེན་དང་ཉམས་ལེན་བྱས་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཞི་ཞིང་དུལ་བ་ ཞིག་ལ་རྟོགས་པའི་བསྟན་པ་ཞེས་བརྗོད་ཆོག་པ་ཡིན། མི་མང་པོ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་ཤོག་ཅེས་བརྗོད་ཀྱི་ཡོད་ཀྱང༌། བསྟན་པ་ངོ་མ་གང་ཡིན་ངོས་འཛིན་ཐུབ་ཀྱི་མི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་མཛད་སྒོའི་ཐོག་ཁྲིག་རྩེ་མཁན་རིན་པོ་ཆེ་མཆོག་གིས་དགོན་པའི་ལོ་རྒྱུས་དང་དབྱར་ཆོས་ཆེན་མོའི་དམིགས་ཡུལ་སོགས་སྙན་སེང་དང་། སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་ཡོད་པ་མ་ཟད། ལ་དྭགས་རང་སྐྱོང་ཚོགས་པའི་སྡེ་དཔོན་འབུམ་རམས་པ་བསོད་ནམས་ཟླ་བ་ལགས་དང་རྒྱ་གར་གྱི་མཉམ་སྦྲེལ་དང་ལ་དྭགས་དོན་རྩའི་བློན་ཆེན་སྐུ་ཞབས་ཚེ་རིང་རྡོ་རྗེ་མཆོག་བཅས་ཀྱིས་གསུང་བཤད་གནང་། དེ་བཞིན་ས་གནས་ཀྱི་ཁ་ཆེ་ཤི་ཡ་དང་སུ་ནིའི་ཆོས་ལུགས་ཀྱི་སྐུ་ཚབ་ཤེག་ མོ་ཧྭ་མད་ཇ་ཝེད་ Shiekh Mohammad Javed མཆོག་དང་། མོལ་ཝི་ ཨབ་དྷུལ་ཀ་ཡོམ་ནག་ཝི་ Maulwi Abdul Kayom Nakhwi མཆོག་བཅས་རྣམ་གཉིས་ཀྱིས་གསུང་བཤད་གནང་། ཕྱི་ནང་སྦྱིན་བདག་ཡོངས་ཀྱིས་ཁྲིག་རྩེ་མཁན་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ལེགས་གསོལ་གྱི་གཟེངས་བསྟོད་ཕྱག་རྟགས་ཤིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་བསྩལ་ཡོད།།
མ་བྱན་ཞིག་ལ་ཐུགས་བརྩེའི་གཟིགས་པ་མཛད་བཞིན་པ། སྐུ་པར་མཐུན་འགྱུར་དགའ་ལྡན་ཕོ་བྲང་ཡིག་ཚང་།