༢༠༡༦ ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པུར། ཐའེ་ལན་ཌི། ཝེ་ཏི་ནམ་བཅས་ཀྱི་དད་ལྡན་ཆོས་ཞུ་བས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༩ ནས་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་བཞིའི་རིང་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དབུ་འཛུགས་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་གོང་བརྗོད་གསུང་ཆོས་སྦྱིན་བདག་རྣམས་ཀྱིས་བཞུགས་གནས་ཕོ་བྲང་ནས་༸གོང་ས་མཆོག་སྤོས་སྣེས་སྔུན་བསུས་ཏེ་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་པཱ་ལིའི་སྐད་ཐོག་ཤིས་བརྗོད་གསུང་འདོན་གནང་བ་མ་ཟད། ལེགས་སྦྱར་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་ནས་༸གོང་ས་མཆོག་གིས་གོང་བརྗོད་ནང་པའི་ཡུལ་གྲུ་ཁག་གི་ཆོས་ཞུ་བ་གྲངས་ ༡༥༠༠ དང་། རྒྱ་གར་གྱིས་མཚོན་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་བཅས་ནས་ཆོས་ཞུ་བ་གྲངས་ ༥༧ བཅས་ཁྱོན་ཕྱི་རྒྱལ་ཆོས་ཞུ་བ་གྲངས་ ༡༥༠༤ དང་། དེ་བཞིན་རང་རིགས་ཆོས་ཞུ་བ་བཅས་ཁྱོན་མི་གྲངས་ ༦༢༦༡ བརྒལ་བ་རྣམས་ལ་འཚམས་འདྲི་དང་ལྷན་བཀའ་སློབ་སྩལ་དོན། དེ་རིང་འཛམ་གླིང་ཤར་མའི་ནང་པའི་ཡུལ་གྲུ་ཁག་མང་པོ་ཞིག་ནས་འདིར་འཛོམས་ཡོད། ལོ་ཤས་ནས་འཛམ་གླིང་ཤར་མའི་ནང་པའི་ཡུལ་གྲུ་ཁག་ནས་འདིར་འཛོམས་རྒྱུ་འགོ་ཚུགས་པ་རེད། ལོ་རེ་བཞིན་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་། འཛོམས་རྒྱུ་དེ་ཡང་མང་དུ་འགྲོ་བཞིན་པ་ལྟ་བུ་འདུག དེ་རིང་འདིར་མི་ཚོགས་ཆེན་པོ་ཕེབས་ཡོད། ཁྱེད་རང་ཚོ་འགྲིམ་འགྲུལ་དང་། བཞུགས་ཡུལ་སོགས་གང་ཅིའི་ཐོག་ནས་སྐུ་ངལ་ཡོད། འོན་ཀྱང་དོ་སྣང་ཆེན་པོ་གནང་ནས་ཕེབས་པ་རེད། དེར་བརྟེན་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། ད་ལྟ་འདིར་པཱ་ལིའི་མདོ་ཞིག་གསུངས་པ་འདི་ནམ་རྒྱུན་འཆར་ཅན་བྱེད་ཀྱི་ཡོད། འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཐོག་མར་གསུང་པའི་སྐབས་སུ་བདེན་བཞིའི་མདོ་གཙོ་བོར་གྱུར་པའི་འདུལ་བའི་གཞུང་དེ་ཚོའི་གྲས་ནི་ལོ་རྒྱུས་བྱུང་རིམ་གྱི་དབང་དུ་བྱས་ན་སྔ་ཤོས་ཆགས་ཡོད། དེ་ནས་པཱ་ལིའི་ཆོས་བརྒྱུད་འཛིན་པ་གནང་མཁན་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་ཆགས་ཀྱི་ཡོད། ཅེས་ངོས་ཀྱིས་ནམ་རྒྱུན་ཞུ་བཞིན་ཡོད། ཤེས་རབ་སྙིང་པོ་ནི་ལེགས་སྦྱར་ཆོས་བརྒྱུད་ཀྱི་གཞུང་གཙོ་བོ་ནི་ཤེར་ཕྱིན་གྱི་མདོ་ཆགས་ཀྱི་ཡོད། དེར་བརྟེན་ཤེར་ཕྱིན་གྱི་མདོའི་རྗེས་སུ་འབྲང་མཁན་རྒྱ་ནག་གཙོ་བོར་གྱུར་པའི་ཡུལ་གྲུ་ཁག་དེ་དག་ལ་ཤེས་རབ་སྙིང་པོ་ནམ་རྒྱུན་འདོན་བཞིན་ཡོད། ཤེས་རབ་སྙིང་པོ་དང་པོ་རྒྱ་གར་ནས་ཕར་རྒྱ་ནག་ཏུ་ཕལ་ཆེར་གཙོ་བོ་ཆགས་ཀྱི་ཡོད་པར་བརྟེན་རྒྱ་སྐད་ཐོག་ཤེར་ཕྱིན་གྱི་མདོ་ཤེས་རབ་སྙིང་པོ་གསུང་རྒྱུ་དང་། ནམ་རྒྱུན་ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་བརྩིས་ཀྱི་ཡོད།
དེ་ནས་ནང་ཆོས་ངོ་འཕྲོད་ནས་ནང་ཆོས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ཞེས་འདི་ལྟར་རིམ་པ་གཉིས་ཕྱེ་གི་ཡོད། དབུ་མ་རིན་ཆེན་ཕྲེང་བ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རེད། མགོན་པོ་ཀླུ་སྒྲུབ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་མང་པོ་ཞིག་གིས་གཙུག་ཏུ་བཀུར་རྒྱུ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་ནི་ཤེར་ཕྱིན་གྱི་བརྗོད་བྱ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་གཉིས་ཕྱེ་བས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་སྐོར་མགོན་པོ་ཀླུ་སྒྲུབ་ལ་སྐབས་བབ་ཡོད་པ་ཞིག་རེད། དེར་བརྟེན་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་དྲུག་ལ་སོགས་པ་མཛད་ནས་གང་ལྟར་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་འདོན་བྱས་ནས་གཏན་ལ་ཕབ་པ་དེ་འདྲའི་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་སྐོར་ནི་མཁས་པ་གྲུབ་མཐའ་སྨྲ་བས་རྣམ་དཔྱོད་ཐོག་ནས་ལྟ་གྲུབ་དེ་འདྲ་གསུངས་པ་ཙམ་མིན་པར་ང་རང་ཚོ་ཕུང་བྱེད་ནི་ཉོན་མོངས་ཡིན་པ་རེད། ཉོན་མོངས་ཀྱི་ཆོས་ཆོས་སུ་སོང་བ་ཞིག་དང་། ལྷག་པར་སངས་རྒྱས་པའི་ཆོས་སངས་རྒྱས་པའི་ཆོས་སུ་སོང་བ་ཞིག་ཡོང་བར་དངོས་དང་བརྒྱུད་པའི་སྒོ་ནས་ཉོན་མོངས་ལ་གཉེན་པོ་འགྲོ་རྒྱུ་ཞིག་དགོས་ཀྱི་ཡོད། ཉོན་མོངས་ལ་ཤུགས་ཆུང་དུ་གཏང་རྒྱུ་ཞིག་དང་། ཉོན་མོངས་ལ་མགོ་མནན་མཁན། རིམ་པས་ཉོན་མོངས་པ་བག་ཆགས་དང་བཅས་པ་བཅོམ་ཐུབ་མཁན་ཞིག་དགོས་ཀྱི་ཡོད། དེ་ལ་ཆོས་དཀོན་མཆོག་ཟེར་གྱི་ཡོད། ཉོན་མོངས་ལ་དངོས་སུ་གཉེན་པོ་བྱེད་མཁན་ཞིག་དང་། དེས་ཉོན་མོངས་སྤངས་པའི་བྲལ་བའི་ཡོན་ཏན་ནི་རྷརྨ་ཞེས་འགོག་ལམ་གྱི་འདུས་པའི་ཆོས་དཀོན་མཆོག་ལ་རྷརྨ་ཞེས་ཟེར་གྱི་ཡོད།
སངས་རྒྱས་པའི་ཆོས་ཡིན་ཕྱིན་ཆད་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་ཞིག་དགོས་ཀྱི་ཡོད། ཉོན་མོངས་ཀྱི་གཉེན་པོར་མ་ཕྱིན་ན་སངས་རྒྱས་པའི་ཆོས་མིང་དོན་མཚུངས་པ་ཆགས་མི་ཐུབ། དེར་བརྟེན་སྟོང་པ་ཉིད་ཀྱི་ལྟ་བའི་སྐོར་ཤེར་ཕྱིན་གྱི་དངོས་བསྟན་གྱི་བརྗོད་བྱ་རེད་ལ་འདིའི་སྐོར་རྩལ་དུ་བཏོན་ནས་ཀླུ་སྒྲུབ་ཀྱིས་འགྲེལ་བཤད་ཞིབ་ཕྲ་བསྐྱོན་ཏེ་གཙོ་བོ་དབུ་མ་རྩ་བ་ཤེས་རབ་རེད། དབུ་མ་རྩ་བ་ཤེས་རབ་རྒྱ་ཡིག་ནང་དུ་ཡོད། སྔ་མོ་ནས་བསྒྱུར་ཡོད། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པ་ལ་སོགས་པ་དེ་ཚོ་གྲས་དབུ་མའི་གཞུང་མང་པོ་ཞིག་རྒྱ་ཡིག་ནང་སྔ་མོ་ནས་ཡོད་པ་ཞིག་རེད། དེར་བརྟེན་རྒྱ་ཡིག་དང་འབྲེལ་བ་ཡོད་པ་ཕལ་ཆེར་ཀོ་རི་ཡ་དང་། ཝེ་ཏི་ནམ། ཉི་ཧོང་དེ་དག་ཚང་མ་ཕལ་ཆེར་དབུ་མ་རྩ་བ་ཤེས་རབ་འདི་འབྲེལ་བ་ཆགས་ཀྱི་ཡོད། བོད་ཡིག་ནང་མཚོན་ནའང་ང་ཚོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་རྒྱལ་བ་གཉིས་པ་ལྟ་བུར་རྩི་བཞིན་ཡོད། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལ་བལྟ་ན་དངོས་གནས་རྒྱལ་བ་གཉིས་པ་ལྟ་བུ་ཆགས་ཡོད་པར་བརྟེན་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱིས་རིགས་ཚོགས་དྲུག་བྱས་ནས་གཙོ་བོ་རྩ་བ་ཤེས་རབ་རེད། དེ་ལས་འཕྲོས་པའི་སྟོང་ཉིད་བདུན་ཅུ་པ་དང་། རྩོད་བཟློག ཞིབ་མོ་རྣམ་འཐག དེ་ནས་སྟོང་ཉིད་ཀྱི་ལྟ་བ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཐབས་ཙམ་མ་ཟད། སྤྱིར་ངེས་ལེགས་མཐར་པའི་གོ་འཕང་བསྒྲུབ་པར་སྟོང་ཉིད་ཀྱི་ལྟ་བ་དགོས་ཀྱི་རེད། ཅེས་གསུངས་ནས་རིགས་པ་དྲུག་ཅུ་པའི་ནང་གསུངས་ཡོད། དེ་ནས་ནམ་རྒྱུན་ལུགས་ཀྱི་བསྟན་བཅོས་ཞེས་གསུང་སྲོལ་ཡོད། དབུ་མ་རིན་ཆེན་ཕྲེང་བ་ནི་རྒྱལ་པོར་གདམས་པའི་སྤྲིངས་ཡིག་བཟོ་འདྲ་བོ་ཞིག་བྱས་ནས་དཔེར་ན། ཤེར་ཕྱིན་བཟོ་འདྲ་བོ་དེ་ལྟར་བྱས་ནས་རིན་ཆེན་ཕྲེང་བ་དེ་ལྟར་ཆགས་ཡོད། འོན་ཀྱང་ལེའུ་དང་པོ་ནི། མངོན་མཐོ་བསྒྲུབ་པའི་ཐབས་དང། ངེས་ལེགས་བསྒྲུབ་པའི་ཐབས་ཞེས་འདི་གཉིས་པོ་གསལ་པོ་བྱས་ནས་མར་གསུངས་ཡོད། ཧ་ཅང་བསྡུས་ཆེན་པོ་ཡོད། དེའི་གཤམ་དུ་བསླབ་བྱ་མང་པོ་ཞིག་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་སྐོར་ཡོད། ངོས་ཀྱི་གཞུང་འདི་ཕྲན་བུ་ཁྱབ་ཆེན་པོ་བྱུང་ན་ཕན་ཐོགས་ཡོང་གི་རེད་དྲན་བཞིན་ཡོད།
སྔོན་ལ་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་ཞུ་འདོད་བྱུང་། ང་ཚོ་དུས་རབས་ ༢༡ ནང་སླེབས་ཡོད། འཛམ་གླིང་འདི་དངོས་པོ་ཡར་རྒྱས་ཚད་མཐོ་པོའི་སྒང་སླེབས་ཡོད། དངོས་པོ་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག་མིའི་འཚོ་བའི་མཐུན་རྐྱེན་སོགས་ཡར་རྒྱས་ཡག་པོ་ཕྱིན་ཡོད། གཙོ་ཆེ་ཤོས་ཤེས་ཡོན་རེད། ལུང་པ་གང་དུ་ཡིན་ཡང་སློབ་གྲྭ་མང་དུ་ཕྱིན་ཡོད། སློབ་སྦྱོང་ལ་དོ་སྣང་ཆེ་རུ་ཕྱིན་ཏེ་ཡག་ཐག་ཆོད་ཆགས་ཡོད། འདི་ལྟ་བུའི་དུས་ཚོད་འདིར་ང་ཚོའི་འཛམ་གླིང་འདིའི་གནས་སྟངས་གང་འདྲ་ཞིག་འདུག་ཅེ་ན། དངོས་པོ་ཡར་རྒྱས་ཕྱིན་ཏེ་ཧ་ཅང་ཁྲ་ཁྲ་ཟིང་ཟིང་ཡོད་ཀྱང་མིའི་སྤུས་ཀ་དེ་སྔ་མོའི་མི་གསོད་ཁྲག་སྦྱོར་བྱེད་རྒྱུས་མཚོན། གཅིག་གིས་གཅིག་ལ་ཐུབ་ཚོད་དང་མགོ་སྐོར་གཏོང་རྒྱུ་དེ་ད་དུང་ཤུགས་ཆེན་པོ་ཡོད། གཞན་ལ་སེམས་གནག་དང་གནོད་འཚེ་བྱེད་རྒྱུའི་ཆ་རྐྱེན་སྟབས་བདེ་རུ་ཕྱིན་ཏེ་དངངས་སྐྲག་བྱེད་རྒྱུ་སོགས་གང་ལྟར་འཛམ་གླིང་འདིའི་སྒང་སྡུག་ཏུ་ཕྱིན་པའི་བཟོ་འདྲ་ཞིག་འདུག དུས་རབས་ ༢༡ སླེབས་ཡོད། འཛམ་གླིང་འདི་སྔར་ལོ་རྒྱུས་ཀྱི་ཐོག་ནས་འཁྲུག་པ་ཧ་ཅང་བརྒྱབ་ཡོད། དུས་རབས་ ༢༠ ནང་ཆ་བཞག་ན་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ། ཝེ་ཏི་ནམ་གྱི་དམག་སོགས་འཁྲུག་པ་ཧ་ཅང་བརྒྱབ་ཡོད། དངོས་གནས་བྱས་ན་འཁྲུག་པ་བརྒྱབ་ནས་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་བྱུང་ཡོད་ན་ཡག་པོ་རེད། འོན་ཀྱང་དེ་ལྟར་བྱུང་མེད། འཁྲུག་པ་བརྒྱབ་པ་དེས་ང་ཚོའི་ཡིད་ཐང་ཆད་དེ་འཁྲུག་པ་དང་འཚེ་བ་མེད་པ་ཞིག་བྱུང་ན་བསམ་པའི་རེ་འདུན་བྱེད་མཁན་དེང་སང་ཇེ་མང་དུ་འགྲོ་བཞིན་ཡོད། གང་ལྟར་ཡང་སྙིང་དུས་རབས་ ༢༠ སྐབས་ཀྱི་མིའི་བསམ་བློ་གཏོང་སྟངས་དང་བྱེད་སྟངས་དེ་མུ་མཐུད་ནས་འདི་ལྟར་ཕྱིན་ན། དུས་རབས་ ༢༡ སྡུག་བསྔལ་རང་བཞིན་གྱི་དུས་རབས་ཤིག་ཆགས་རྒྱུ་མ་གཏོགས་ཕལ་ཆེར་མི་འདུག སྡུག་བསྔལ་དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ། དེའི་ནང་ནས་མིས་བཟོས་པའི་སྡུག་བསྔལ་མུ་མཐུད་ནས་ཡོང་རྒྱུ་ཞིག་ཕལ་ཆེར་རེད་འདུག འདིར་བསམ་བློ་བཏང་ན་མ་བཟོད་པ་ཞིག་འདུག མིས་མིར་གསོད་རེས་བཏང་། སྡུག་ས་ནས་བཤད་ན་སྐབས་རེ་ཆོས་མིང་འཁྱེར་ནས་འཁྲུག་པ་བརྒྱབ་རྒྱུ་བཟོ་འདྲ་ཡོང་བཞིན་ཡོད་པ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། ང་ཚོས་མིག་བཙུམས་ནས་འདི་འཆར་ཅན་ལྟ་བུར་བཞག་ན་ཡ་རབས་ཀྱི་བསམ་བློ་བཏང་ན་ནོར་བ་རེད། དེ་བཞིན་ཆོས་ཕྱོགས་ཀྱི་སྒོ་ནས་བསམ་བློ་བཏང་ན་མ་འགྲིག་པ་རེད། འཛམ་གླིང་འདིའི་གནས་སྟངས་ལ་ལྟ་སྐབས་ཉ་ནས་ཆུང་སྲོག་ཆགས་གྲངས་ཀྱིས་མི་ལང་པ་མིས་བེད་སྤྱོད་བྱས་ནས་བསད་ཀྱི་ཡོད། མི་རང་ཉིད་ལ་ཆ་བཞག་ན་ང་དང་ཁྱོད། ང་ཚོ་དང་ཁོ་པ་ཚོ་ཞེས་གསོད་རེས་གཏོང་རྒྱུ་ལྟ་བུ་ཡོང་བཞིན་ཡོད། ཐུབ་ཚོད་དང་མགོ་སྐོར་གཏོང་རྒྱུ་ཡོང་བཞིན་འདུག དེ་ལྟར་བྱས་ན་མིའི་འགྲོ་བ་ཡོད་པའི་འཛམ་གླིང་འདི་ཧ་ལམ་སེམས་ཅན་གསོད་སའི་བཤས་རའི་བཟོ་འདྲ་ཆགས་གྲབ་འདུག
མིའི་རང་གཤིས་འདི་བརྩེ་བ་མེད་པ་དང་། གསོད་རེས་གཏོང་རྒྱུ། ཞེ་སྡང་གི་རང་བཞིན་འདི་ལྟ་བུ་ཞིག་རེད་དམ་ཞེ་ན། ཚན་རིག་པའི་ཐོག་ནས་འདི་ལྟར་མ་རེད་ཅེས་བརྗོད་ཀྱི་འདུག ཚན་རིག་པ་སྙན་གྲགས་ཡོད་མཁན་གྱིས་ཉམས་ཞིབ་བྱས་ཏེ་མིའི་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད། ཕྲུ་གུ་ཆུང་ཆུང་ཟླ་བ་ལྔ་དྲུག་ཙམ་ཡིན་པ་ཚོ་སྐད་ཆ་བཤད་རྒྱུ་འགོ་མ་བཙུགས་གོང་གི་སྐབས་ལྷན་སྐྱེས་ཀྱི་བག་ཆགས་གསལ་པོ་ཡོད། སྐད་ཆ་བཤད་རྒྱུ་འགོ་བཙུགས་རྗེས་གནས་ཚུལ་མང་པོ་ཞིག་ཐོས་ནས་ཡོང་གི་ཡོད། སྐད་ཆ་བཤད་རྒྱུ་འགོ་མ་བཙུགས་གོང་ལྷན་སྐྱེས་ཀྱི་རང་བཞིན་དེ་གསལ་པོ་ཡོད་པར་བརྟེན། ཚན་རིག་པ་ཚོས་བརྟག་དཔྱད་བྱས་རྗེས་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་རེད་འདུག་ཅེས་བཤད་ཀྱི་འདུག མི་སྒེར་སོ་སོས་བསམ་བློ་ཁོང་ཁྲོ་དང་ཁྲག་དོག་བཟའ་རྒྱུ། གནག་སེམས། གནོད་སེམས་སོགས་ཡུན་རིང་པོར་སེམས་ནང་ཡོད་མཁན་ཞིག་ཡིན་ན། ཁོའི་གཟུགས་པོའི་འབྱུང་བ་འཁྲུག་པ་དང་། དེ་འདྲའི་ཐོག་ནས་ང་ཚོའི་ Immune System ཞེས་པ་དེ་ཉམས་ཆག་འགྲོ་གི་ཡོད་པ་བཤད་ཀྱི་འདུག ཚན་རིག་པ་ཁ་ཤས་ཀྱིས་བཤད་པ་ལྟར་ན། ཡང་ཡང་རླུང་ལངས་པ་དང་། སེམས་མ་སྐྱིད་པ། ཕྲག་དོག་བྱས་ན་གཟུགས་པོའི་ཟུངས་ཉམས་འགྲོ་གི་ཡོད།
ང་ཚོས་སྤྱིར་བཏང་བསམ་བློ་བཏང་ན་སྤྱི་ཚོགས་འཆམ་པོ་དང་མཐུན་པོ་ཡོད་ན། སྤྱི་ཚོགས་དེའི་ནང་བག་ཕེབས་པོ་ཡོད་པ་དང་། སྤྱི་ཚོགས་ཤིག་གི་ནང་དངངས་སྐྲག་དང་གཅིག་གིས་གཅིག་ལ་མ་འཆམ་པ་ཡོད་ན། སྤྱི་ཚོགས་དེའི་ནང་རང་བཞིན་གྱི་ཕྲན་བུ་གཡང་ང་ཟ་ནས་བསྡད་དགོས་ཀྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། ང་ཚོའི་ཉིན་རེ་ཉིན་རེའི་ཉམས་མྱོང་ཐོག་ནས་བཤད་ན་སྤྱི་ཚོགས་གང་ལ། ཁྱིམ་ཚང་གང་ལ་བྱམས་བརྩེ་ལྡན་པ་ཞིག་ཡོད་ན་བག་ཕེབས་པ་དང་སྐྱིད་པ་ཡོད། ཇི་ཙམ་གྱི་སེམས་སྐྱིད་པ་དང་བག་ཕེབས་པ་ཡོད་ན་དེ་ཚོད་ཀྱི་ལུས་པོ་བདེ་བ། ལུས་པོ་བདེ་ན་སེམས་སྐྱིད་པ་དང་མི་ཚེ་རིང་བ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་རེད། དེང་སང་གི་སྤྱི་ཚོགས་ནང་དུ་ནང་བསམ་བློའི་ཞི་བདེ་ཧ་ཅང་ཉུང་ཉུང་རེད་འདུག དཔལ་འབྱོར་ཡར་རྒྱས་ཕྱིན་ནས་དངུལ་འབལ་པོ་ཡོད་ཀྱང་། ཇི་ཙམ་གྱི་དཔལ་འབྱོར་ཡོད་པ་དེ་ཚོད་ཀྱིས་འདོད་རྔམ་ཆེ་རུ་ཕྱིན་པ་དང་། དེའི་ཚོད་ཀྱིས་ཕྲག་དོག་དང་འགྲན་སེམས་དེ་དག་ཧ་ཅང་ཤུགས་ཆེ་རུ་ཕྱིན་པ་དེས་སྤྱི་ཚོགས་ནང་མི་བདེ་བ་ཞིག་ཡོད་པ་གསལ་པོ་འདུག རྩ་བའི་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩ་ེ་ལྡན་པ་ཞིག་ཡིན། དངོས་ཡོད་གནས་ཚུལ་ལ་བྱམས་བརྩེ་ག་ཚོད་ཡོད་པ་དེ་ཚོད་ཀྱིས་ཁྱིམ་ཚང་ངམ་སྤྱི་ཚོགས་ཞི་བདེ་བག་ཕེབས་དང་སྐྱིད་པ་ཡོད་པ་ནི་མཐོང་ཆོས་སུ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།