༢༠༡༦ ཟླ་ ༨ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༠ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་ཐོག་ཕྱི་ལོ་ ༢༠༡༥ ལོའི་ལོ་འཁོར་སྙན་ཐོ་བཏོན་ཡོད། དེ་ཡང་ཕྱི་ལོ་ ༢༠༡༥ ལོའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་པ་དེའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་སྐོར་ཞིབ་ཕྲ་བཀོད་འདུག སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་དགོན་སྡེ་ཁག་གི་ནང་ཐེ་བྱུས་བྱས་པ་བརྒྱུད་དགེ་འདུན་པའི་གྲངས་འབོར་ལ་ཚོད་འཛིན་བྱས་པ་དང་། གྲྭ་ཤག་གཏོར་བཤིག་བཏང་བ་སོགས་ཆོས་དད་དང་སྨྲ་བརྗོད། འདུ་འཛོམས་སོགས་ཀྱི་རང་དབང་ཐད་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་སྐོར་འཁོད་འདུག དེ་བཞིན་བོད་མི་འབྲོག་པ་རྣམས་རྒྱ་ནག་གཞུང་གིས་བཙན་དབང་འོག་གཏན་འཇགས་གྲོང་ཚོར་གནས་སྤོ་བྱེད་བཅུག་པ་དང་། འབྲོག་པའི་རྩ་ཐང་རྣམས་གཞུང་གིས་བཙན་འཕྲོག་བྱས་པ། ༸གོང་ས་མཆོག་གི་སྐུ་དཔར་སྒྲིག་གཤོམ་མི་ཆོག་པ། བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་ཉེས་རྡུང་ཚད་མེད་བཏང་ནས་དམར་གསོད་བཏང་བ།
དེ་བཞིན་བོད་མི་ཁག་གཅིག་གར་སོང་ཆ་མེད་དུ་གྱུར་བ་སོགས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ལ་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་ལ་བརྟེན་བོད་མི་རྣམས་ཀྱི་རང་ལུས་མེར་སྲེག་བཏང་ཡོད་པ་མ་ཟད། མུ་མཐུད་ནས་ལས་འགུལ་དེ་རིགས་སྤེལ་བཞིན་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་ཁག་གིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གི་ཕྱི་ཚུལ་ལ་བོད་ནང་བརྟན་ལྷིང་ཡོད་པ་དང་བོད་མི་རྣམས་རྒྱ་ནག་གཞུང་གི་བཀའ་ལ་བརྩི་སྲུང་བྱེད་བཞིན་ཡོད་པའི་རྣམ་པ་འདོན་ཆེད་བོད་མི་རྣམས་ལ་དྲག་གནོན་ཁོ་ན་བྱེད་བཞིན་ཡོད་པ་སྙན་ཐོའི་ནང་གསལ་དོན། དུས་སྐབས་མང་པོའི་རིང་དགོན་སྡེ་རྣམས་རྒྱ་ནག་གཞུང་གི་དྲག་པོའི་དཔུང་དམག་གིས་མཐའ་བསྐོར་ནས་དམ་བསྒྲགས་ཚོད་མེད་བྱས་ཡོད་པ་མ་ཟད། དམག་མི་ཁག་གཅིག་དགོན་པའི་ནང་གཏན་སྡོད་བྱེད་བཞིན་ཡོད་པ་དང་།
དེ་བཞིན་བོད་མི་སློབ་ཕྲུག་དང་དགེ་འདུན་པ། དེ་བཞིན་མི་སྐྱ་ཕོ་མོ་སོགས་ཀྱིས་ཞི་བའི་ལམ་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་། ༸གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་འབོད་ཚིག་བསྒྲགས་པ་སོགས་བྱེད་མཁན་རྣམས་དང་། རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྣམ་པ་འདོན་མཁན་རྣམས་ལ་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད། ལྷག་པར་ཆོས་དང་ཆབ་སྲིད་ཀྱི་དུས་ཆེན་ཁག་ལ་དམིགས་བསལ་ཉན་ཁར་བརྩི་ནས་དམིགས་བསལ་དམ་བསྒྲགས་བྱས་པ་མ་ཟད། མཆོད་མཇལ་དང་གནས་སྐོར་འགྲོ་མཁན་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད།
ཨ་རིའི་གསར་ལམ་སི་ཨན་ཨན་(CNN)ལྟར་ན། ཡོངས་གྲགས་བོད་ཀྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གིས་འབར་རྫས་བཞག་པ་དང་། ཁ་བྲལ་ལ་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཉེས་ཆད་ཁུར་བཞིན་པར་བཙོན་ཁང་དུ་ ༢༠༡༥ ལོའི་དབྱར་ཀར་འདས་གྲོངས་སོང་ཡོད་པ་དང་། གསར་ལམ་དུ་གནས་ཚུལ་ཐོན་པ་གཞིགས་ན། ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་ལྟ་སྐྱོང་ཐོབ་མེད་པ་མ་ཟད། སྲོལ་རྒྱུན་འདས་མཆོད་སྒྲུབ་ཆེད་སྐུ་ཕུང་ཕྱིར་སྤྲོད་དགོས་པའི་ནང་མིའི་འབོད་སྐུལ་ལ་གཞུང་གི་ངོས་ལེན་བྱས་མེད། གཞན་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གཞུང་གིས་སྐུ་ཕུང་མེར་སྲེག་གཏོང་སྐབས་ནང་མི་སྤུན་མཆེད་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ལ་བལྟ་ཆོག་པ་མོས་མཐུན་བྱས་ཡོད་ཀྱང་། རྗེས་སུ་ནང་མིའི་ལག་ནས་སྤུར་ཐལ་ཕྱིར་སྤྲོད་དགོས་པའི་བཙན་བཀའ་བཏང་ཡོད།
དེ་བཞིན་སྙན་ཐོའི་ནང་གསལ་དོན། རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་ཡོད་མེད་སྐོར་ཚིག་གཅིག་རྐྱང་མ་བཤད་པར་གསང་བ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ལོར་དགུང་གྲངས་ ༦ ལས་མ་སོན་པའི་ཀུན་གཟིགས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་དམ་བསྒྲགས་བཀག་ཉར་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།
པཎ་ཆེན་རིན་པོ་ཆེ་དགེེའདུན་ཆོས་ཀྱི་ཉི་མ་ནི་ཏཱ་ལའི་བླ་མའིི་རྗེས་ཀྱི་བླ་ཆེན་མཐོ་ཤོས་ཨང་གཉིས་པ་ཡིན་པ་དང་། ཟླ་ ༩ པར་རྒྱ་ནག་གཞུང་གི་ལས་བྱེད་པས་ཡོངས་གྲགས་ཐོག་དགེ་འདུན་ཆོས་ཀྱི་ཉི་མས་རྒྱུན་ལྡན་གྱི་མི་ཚེེསྐྱེལ་བཞིན་པ་དང་། བདེ་ཐང་ངང་འཚར་ལོང་ཡོང་གི་ཡོད་པ། གཞན་གྱིས་སུན་པོ་བཟོ་བར་དགའ་པོ་མེད་ལུགས་བཤད་ཡོད། འོན་ཀྱང་རྒྱལ་སྤྱིའི་རྟོག་ཞིབ་པས་པཎ་ཆེན་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་བསམ་ཚུལ་འདོན་སྐབས་རྒྱ་ནག་གཞུང་གིས་ཡ་ལན་བྱས་མེད།
རྒྱ་ནག་གཞུང་གིས་ད་བར་རྒྱལ་མཚན་ནོར་བུ་པཎ་ཆེན་ཡང་སྤྲུལ་ངོ་མ་ཡིན་སྐོར་ཨུ་ཚུགས་རྒྱག་བཞིན་ཡོད། ཁོ་པ་ནི་ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་ནས་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་ རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་བསྐོ་གཞག་བྱས། བོད་ནང་གི་ནང་པའི་དགེ་འདུན་པ་དང་བོད་བརྒྱུད་ནང་བསྟན་ཐོག་གི་མཁས་པ་ཁག་མང་པོས་གསུང་པ་ལྟར་ན། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་དང་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཚོས་བོད་མི་དགེ་འདུན་པ་རྣམས་དང་མི་སྐྱ་ཕོ་མོ། དེ་བཞིན་ས་གནས་ལས་བྱེད་པ་ཚོར་རྒྱལ་མཚན་ནོར་བུས་གཙོ་སྐྱོང་བྱེད་པའི་ཚོགས་འདུ་སོགས་ནང་མཉམ་ཞུགས་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད། སྔ་ལོ་ཕྱི་ཟླ་ ༥ ནང་རྒྱལ་མཚན་ནོར་བུ་ཡུ་ནན་ཞིང་ཆེན་ནང་བསྐྱོད་སྐབས་རྒྱ་ནག་གཞུང་གིས་ས་གནས་མང་ཚོགས་དང་དགེ་འདུན་པ་རྣམས་ལ་ཕེབས་བསུར་བཅར་དགོས་པའི་བཙན་བཀའ་བཏང་ཡོད། ཅེས་སོགས་སྙན་ཐོའི་ནང་འཁོད་འདུག །