༢༠༡༦ ཟླ་ ༨ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །ཨ་རིའི་གྲོས་ཚོགས་འཐུས་མི་ ༧༢ ཀྱི་མཚན་རྟགས་འཁོད་པའི་བོད་དོན་ཞུ་སྙན་ཞིག་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་ལ་ཕུལ་འདུག དེ་ཡང་ཞུ་སྙན་གྱི་ནང་དོན་སྙིང་པོར། སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་ Barack Obama མཆོག་ཨ་རིའི་སྲིད་འཛིན་གྱི་ལས་ཡུན་ནས་འཁྱུར་ལ་ཉེ་བའི་སྐབས་འདིར། བོད་དོན་དེ་ཉིད་ཨ་རིའི་གཞུང་གི་སྲིད་བྱུས་གལ་ཆེར་བརྩིས་ནས་དེའི་ཐོག་དམིགས་བསལ་ཤུགས་རྒྱག་དགོས་པ་དང་། བོད་དོན་ཐོག་ཨ་རིའི་གཞུང་གིས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་དེ་དག་ཁ་དན་ཚིག་གནས་དགོས།
བོད་མི་ཚོས་ཨ་རི་ནི་ཁོང་རྣམས་ཀྱི་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ཡིན་པར་ཡིད་ཆེས་གནང་བཞིན་ཡོད། ད་ཆ་བོད་མིའི་མཛའ་བརྩེའི་འདུ་ཤེས་དེར་གུས་བརྩི་ཞུ་རྒྱུའི་དུས་ལ་བབས་ཡོད་པར་བརྟེན་བོད་མིའི་ཐུན་མིན་ངོ་བོ་དང་རིག་གཞུང་། ཆོས་དང་སྐད་ཡིག་སོགས་སྲུང་སྐྱོབ་སླད་དོན་དམ་གྱི་འབྲེལ་མོལ་བསྐྱར་མཐུད་ཡོང་སླད་ཐབས་ལམ་གསར་པ་ཞིག་འཚོལ་ཐབས་གནང་དགོས། ཞེས་འཁོད། སྤྱིར་ཞུ་སྙན་དེའི་ནང་གནད་དོན་གཙོ་གྲས་ཁག་ ༦ གསལ་སྟོན་གནང་འདུག་པ་དང་། ལྷག་པར་༸གོང་ས་མཆོག་ལ་རང་ཡུལ་བོད་དུ་ཕྱིར་༸ཞབས་སོར་འཁོད་གནང་མཛད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་དེར་རྒྱབ་སྐྱོར་ཡོད་སྐོར་དང་། བཙོན་དུ་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད། ཕྱོགས་མཚུངས་ཞུ་སྙན་དེའི་ནང་གི་གནད་དོན་གཞན་ཁག་གཅིག་ནི།
༡༽ཨ་རིའི་གཞུང་གིས་༸གོང་ས་མཆོག་ལ་དུས་སྟོན་མཛད་སྒོ་ཁག་ལ་གདན་འདྲེན་ཞུ་དགོས་པ་དང་། དེ་ལྟར་ཞུ་ཐུབ་ཚེ་༸གོང་ས་མཆོག་གི་སྐུའི་ཆེ་བའི་ཡོན་ཏན་དང་ལོ་ངོ་བཅུ་ཕྲག་མང་པོའི་རིང་གི་ཐུགས་རྒྱུད་ཀྱི་མྱོང་བ་བཅས་ལ་བརྟེན། རྒྱལ་སྤྱིའི་དཀའ་རྙོག་སེལ་རྒྱུར་ཐུགས་ཕན་གསོ་ངེས་ཡིན།
༢༽འཇིག་སླ་བའི་བོད་ཀྱི་ཁོར་ཡུག་གནས་སྟངས་དེ་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་འབྲེལ་བ་ཧ་ཅང་ཡོད་སྟབས། ༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་རྣམ་པས་རྒྱལ་སྤྱིའི་ཁོར་ཡུག་བགྲོ་གླེང་ལྷན་ཚོགས་སྐབས་ལྷན་ཞུགས་མཛད་རྒྱུར་མཐུན་འགྱུར་ཞུ་དགོས།
༣༽རྒྱ་ནག་གི་ས་ཁུལ་ནང་ཡོད་པའི་ཨ་རིའི་མི་སེར་རྣམས་དང་བོད་ནང་གི་བོད་མི་ཚོའི་འགྲོ་བསྐྱོད་ཀྱི་རང་དབང་ཐད་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་ཆེད་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་འཛུགས་དགོས་པ།
དེ་བཞིན་ཞུ་སྙན་དེའི་ནང་ཨ་རིའི་གཞུང་གི་ལས་བྱེད་པའམ་གསར་འགོད་པ། དེ་བཞིན་བོད་མི་ཨ་རིའི་མི་སེར་ཡོད་མཁན་རྣམས་བོད་ནང་འགྲོ་བསྐྱོད་ལ་དམ་བསྒྲགས་བྱས་པ་ལྟར་ཨ་རིའི་གཞུང་ཕྱོགས་ནས་ཀྱང་དམ་བསྒྲགས་བྱེད་མཁན་འབྲེལ་ཡོད་རྒྱ་རིགས་ལས་བྱེད་རྒན་གྲས་རྣམས་ཨ་རིར་ཡོང་སྐབས་དམ་བསྒྲགས་བྱེད་དགོས། ཞེས་སོགས་འཁོད་འདུག
དེ་ཡང་ཞུ་སྙན་དེ་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༧ རེས་གཟའ་ཕུར་བུའི་ཉིན་ཕྱིར་བསྒྲགས་གནང་འདུག ཐེངས་འདིར་ཞུ་སྙན་འབུལ་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གོ་ཝན་ Jim McGovern མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ ༧༢ ཡོད་འདུག སྤྱིར་སྐུ་ཞབས་ཇིམ་མེག་གོ་བན་མཆོག་ནི་ཨ་རིའི་གྲོས་ཚོགས་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཡིན་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ནང་ཁོང་དང་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་སོགས་ཀྱིས་གཙོས་སྐུ་ཚབ་ཁག་གཅིག་བོད་དང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ནས་བོད་མི་ཚོར་རང་དབང་དང་རང་སྐྱོང་གི་གནས་བབ་ཤུགས་ཆེ་རུ་གཏོང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་ཡོད་པ་བཅས།།