༢༠༡༦ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་དང་སྦར་སེལ་ Brussels སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་མཆོག་གིས་མི་ལོ་ ༣༠ ཙམ་རིང་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་མཐར་བགྲེས་ཡོལ་དུ་ཕེབས་མཚམས། དེ་སྔ་དྲིལ་བསྒྲགས་དྲུང་ཆེ་ཟུར་པ་བཀྲ་ཤིས་ཕུན་ཚོགས་ལགས་སྦར་སེལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་བ་ལྟར། ཉེ་ལམ་སྦར་སེལ་དོན་ཁང་དུ་སྐུ་ཚབ་དོན་གཅོད་གསར་རྙིང་འཕོ་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་འདུག
སྐབས་དེར་སྐུ་ཚབ་དོན་གཅོད་གསར་རྙིང་རྣམ་གཉིས་དང་། སྤྲོད་དཔང་དུ་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཕེབས་འདུག་པ་མ་ཟད། དོན་ཁང་གི་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་། བོད་རིགས་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་འཐུས་མི། དེ་བཞིན་སྦར་སེལ་སྐུ་ཚབ་དོན་ཁང་གི་ལས་བྱེད་རྣམས་བཅས་ཚང་འཛོམས་ཐོག རྟེན་འབྱུང་གསོལ་ཇ་འབྲས་སིལ་དང་། སྐུ་ཚབ་དོན་གཅོད་གསར་པར་འཚམས་འདྲའི་མཇལ་དར་ཕུལ།
དེ་ཡང་སྦར་སེལ་སྐུ་ཚབ་དོན་གཅོད་གསར་པ་བཀྲ་ཤིས་ཕུན་ཚོགས་ལགས་ནི་ཕྱི་ལོ་ ༡༩༧༧ ནས་མི་ལོ་ ༣༥ ལྷག་རིང་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནང་ཞུགས་རྗེས་ཕྱི་ལོ་ ༡༩༩༧ ནས་ཕྱི་ལོ་ ༢༠༠༡ བར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་གནང་བ་མ་ཟད། ཕྱི་ལོ་ ༢༠༠༡ ནས་ ༢༠༠༥ བར་སྦར་སེལ་དང་པེ་རི་སིའི་དོན་ཁང་ནང་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་རྗེས་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་སྦེང་ལོར་ལྷོ་སྤྱི་དང་། ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༨ ནས་ཕྱི་དྲིལ་དྲུང་ཆེ་གནང་འདུག