༢༠༡༦ ཟླ་ ༨ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག་རྡ་ས་མེ་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཕྱི་གླིང་བ་ཁག་གཅིག་ལ་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་དང་འཛམ་གླིང་། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
སྐབས་དེར་ཐོག་མར་འགྲེམས་སྟོན་ཚན་པའི་ལས་བྱེད་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ངོ་སྤྲོད་གནང་རྗེས་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་འདི་ལོ་རྒྱུས་ཐོག་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་ནི་དེང་སྐབས་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་རྒྱལ་ཁབ་རང་བཙན་ཡིན་པར་དགོས་ངེས་ཆ་རྐྱེན་བཞི་སྟེ། ས་ཆ་དང་། མི་འབོར། སྲིད་གཞུང་། དེ་བཞིན་རང་དབང་ཐོག་ནས་རྒྱལ་ཁབ་གཞན་དང་ལྷན་འབྲེལ་ལམ་འཛུགས་རྒྱུའི་ཐོབ་ཐང་བཅས་དགོས་མཁོའི་ཆ་རྐྱེན་ཁག་བོད་ལ་ལྡན་ཡོད་པ་དང་། བོད་ཡུལ་འདི་ཉིད་ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ཡོད་པ་མ་ཟད། བོད་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་རྗེས་རིམ་བཞིན་བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་དོན་རིག་པ། ཞེས་རིག་གནས་ཆེ་བ་ལྔ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོགས་རིག་གནས་ཆུང་བ་ལྔ་ལྡན་ཞིང་། དུས་ད་ལྟའང་རིག་གནས་ཕལ་ཆེ་བ་མི་ཉམས་རྒྱུན་འཛིན་བྱེད་མུས་ཡིན་སྐོར་དང་། ཕྱི་ལོའི་སྔོན་གྱི་ལོ་ ༡༢༧ ནས་ཕྱི་ལོ་ ༡༩༥༩ བར་བོད་འདི་ཉིད་ཆབ་སྲིད་འཛིན་སྐྱོང་གོང་བུ་གཅིག་གྱུར་འོག བཙན་པོ་རིམ་བྱོན་དང་། ས་སྐྱ་པ། རིན་སྤུངས་པ། ཕག་གྲུ དེ་ནས་དགའ་ལྡན་ཕོ་བྲང་བཅས་ཀྱི་མངའ་འོག་ཏུ་གནས་ཤིང་ཁྱིམ་མཚེས་རྒྱ་གར་དང་བལ་ཡུལ། འབྲུག རྒྱ་ནག་བཅས་དང་ཆོས་དང་རིག་གཞུང་། སྐད་ཡིག སྨན་དང་རྩིས། ཚོང་འབྲེལ་སོགས་གང་ལེགས་ཡོད་སྐོར་གསུངས་པ་མ་ཟད།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོས་སྲིད་གཞུང་གིས་དྲག་པོའི་དཔུང་འཇུག་བྱས་འབྲས་སུ་༸གོང་ས་མཆོག་གིས་དབུ་ཁྲིད་འོག་བོད་མི་འབུམ་གཅིག་ལྷག་ཙམ་བཙན་བྱོལ་དུ་གྱར་དགོས་བྱུང་བ་དང་། དེང་སྐབས་བོད་ནང་གི་གནས་སྟངས་ལ་མཚོན་ན། རྒྱ་ནག་གཞུང་གིས་བོད་ནང་དུ་འཛུགས་སྐྲུན་ཡར་རྒྱས་ལ་སྙད་ནས་དོན་དངོས་བོད་མིའི་ཆོས་དང་རིག་གཞུང་། ཁོར་ཡུག སྐད་ཡིག་སོགས་ལ་ཤེས་བཞིན་དུ་མཐོང་ཆུང་ཁྱད་གསོད་བྱས་ནས་རྩ་མེད་བཟོ་བཞིན་ཡོད་པ་མ་ཟད། ལྷག་པར་བོད་ནང་གི་དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ། རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣ་ཆེད་མངགས་དགོན་པའི་ནང་གཏན་སྡོད་བྱས་ནས་བོད་མི་དགེ་བཙུན་རྣམས་ཀྱི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་དམ་བསྒྲགས་སྟངས་འཛིན་ཤུགས་ཆེ་བྱས་པ་སོགས་ལ་བརྟེན། བོད་མི་རྣམས་དཀའ་ངལ་བཟོད་ཐབས་བྲལ་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་གྲངས་ ༡༤༤ རང་ལུས་མེར་སྲེག་བཏང་ཡོད་པ་མ་ཟད། རང་ལུས་ལ་མེ་འབར་བཞིན་དུ་བོད་ལ་རང་དབང་དགོས་པ་དང་། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་སྐོར་སོགས་གསུང་པ་དང་སྦྲགས། སྤྱིར་འཛམ་གླིང་ནང་ཚོགས་པ་སྐྱིད་སྡུག་འདྲ་མིན་གྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། འབྱུང་འགྱུར་བོད་དོན་བདེན་མཐའ་མ་གསལ་བར་བོད་དོན་ཐོག་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་མུ་མཐུད་དགོས་སྟབས་འབྲེལ་ཡོད་ཚོགས་བཅར་བ་རྣམས་རང་ཡུལ་དུ་ཕྱིར་ལོག་མཚམས་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་སོགས་བརྒྱུད་བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་།
གཞན་ཡང་སྐབས་དེར་ཚོགས་གཞོན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བྱམས་པ་དང་བརྩེ་བ། བཟོད་སྲན། ཆོག་ཤེས། འཆམ་མཐུན་སོགས་བཟང་པོའི་རིན་ཐང་གོང་མཐོ་དང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་ཆེད་ཉིན་མཚན་ཁོར་མོ་ཡུག་ཏུ་སྐུ་ངལ་ཧ་ཅང་མཛད་བཞིན་ཡོད་སྐོར་གསུངས།།