༢༠༡༦ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཨ་རིའི་རོགས་སྐྱོབ་ཚན་པའི་ PRM མཐུན་འགྱུར་འོག བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཞི་བདེ་ཁང་གསར་མྱོས་རྫས་ལང་ཤོར་བཅོས་ཐབས་ཁང་གཉིས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༨ ནས་ ༢༠ བཅས་ཉིན་གྲངས་གསུམ་རིང་སུ་ཇ་བོད་ཁྱོམ་སློབ་གྲྭ་དང་། ཅོན་ཏ་ར་གཏན་སློབ་དང་བོད་ཁྱིམ་སློབ་གྲྭ གྷོ་པཱལ་པུར་བོད་ཁྱིམ་སློབ་གྲྭ རྡ་ཤོད་བོད་ཁྱོམ་སློབ་གྲྭ་བཅས་སློབ་གྲྭ་ལྔའི་ནང་སྐོར་སྐྱོད་ཐོག་སློབ་ཕྲུག་རྣམས་ལ་མྱོས་རྫས་ངན་གོམས་སྐོར་གོ་རྟོགས་ལས་འགུལ་ཤུགས་ཆེ་སྤེལ་འདུག དེ་ཡང་གོ་རྟོགས་ལས་འགུལ་སྤེལ་སྐབས་ཐོག་མར་སློབ་སྟོན་པ་རྣམས་ཀྱིས་བཟི་སྨན་སྐོར་དང་བཟི་སྨན་གྱི་ནུས་པ། ངན་གོམས། ངན་གོམས་བཅོས་ཐབས་བཅས་རིམ་བཞིན་ངོ་སྤྲོད་གནང་བ་མ་ཟད། གྱང་ངོས་ཐོག་གློག་བརྙན་བསྟན་པ་དང་། བཟི་སྨན་ལང་ཤོར་བའི་ཉམས་མྱོང་བརྗེ་རེས་སོགས་གནང་སྐབས། སློབ་ཕྲུག་རྣམས་ཀྱིས་དོ་སྣང་ཧ་ཅང་ཆེན་པོས་དྲི་བ་སྣ་ཚོགས་བཏོན་འདུག་པ་རྣམས་ལ་འབྲེལ་ཡོད་སློབ་སྟོན་པ་རྣམས་ནས་གསལ་བཤད་དང་ལམ་སྟོན་མཐིལ་ཕྱིན་པ་གནང་འདུག