༢༠༡༦ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༩ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མ་ནི་པལ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མ་ནི་པལ་གསར་འགྱུར་ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་གི་སློབ་ཕྲུག་རྣམས་ལ། བོད་འདི་ས་བབ་ཀྱི་ཆ་ནས་རྒྱ་གར་གྱི་བདེ་འཇགས་ལ་ཇི་ཙམ་གལ་ཆེན་པོ་ཆགས་ཡོད། ཅེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་གནང་འདུག
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱལ་ཡོངས་དྲུང་ཆེ་སྐུ་ཞབས་ཨམ་རུ་ཏི་ཇོ་ཤི་ Shri Amruth Joshi ལགས་ཀྱིས་འཕགས་བོད་གཉིས་དབར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ནས་སྲོལ་རྒྱུན་གྱི་འབྲེལ་ལམ་བཟང་པོ་ཡོད་ཀྱང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་བཙན་འཛུལ་བྱས་པར་བརྟེན་འཕགས་བོད་དབར་ལོ་རྒྱུས་ཐོག་བྱུང་བའི་འབྲེལ་ལམ་དེ་དག་གཏོར་བཤིག་བཏང་ཡོད་སྐོར་སོགས་གསུངས།
གཞན་ཡང་སྐབས་དེར་ཁོང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། འཛམ་གླིང་ཁྱོན་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་འདྲ་མིན་སྤེལ་བ་བརྒྱུད། བོད་དོན་འཐབ་རྩོད་ཀྱི་མེ་ལྕེ་གསོན་པོར་གནས་ཐབས་གནང་བཞིན་ཡོད་པ་ནི་མི་རབས་ནས་མི་རབས་རྩིས་སྤྲོད་བྱས་ནས་ལས་འགུལ་མུ་མཐུད་རྒྱུ་ཡིན་པ་དང་། དེ་ནི་བོད་དོན་རྒྱབ་སྐྱོར་བ་ཚོའི་བཟང་སྤྱོད་ཀྱི་འགན་ཞིག་ཀྱང་ཆགས་ཡོད་སྐོར་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་དོན་གོ་རྟོགས་སྔར་ལྷག་སྤེལ་ནས་རྒྱབ་སྐྱོར་ནུས་ཤུགས་ཆེ་རུ་གཏོང་ཐབས་ཆེད་འབད་བརྩོན་གང་ཡོད་བྱེད་དགོས་པའི་འབོད་སྐུལ་ཡང་གནང་།
གསུང་བཤད་ཀྱི་མཇུག་ཏུ་དྲི་བ་དྲིས་ལན་གྱི་ལས་རིམ་སྐབས་སློབ་ཕྲུག་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་ན། ལས་འགུལ་ཇི་འདྲ་ཞིག་སྤེལ་དགོས་མིན་དང་། བོད་ནང་རྒྱ་ནག་གི་དམག་མི་གཏན་འཇགས་གནས་སྡོད་བྱེད་བཞིན་པ་དེས་རྒྱ་གར་ལ་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་སྐོར་གྱི་དྲི་བ་དྲིས་ཡོད།
གསུང་བཤད་ཀྱི་ལས་རིམ་འདིའི་ཐོག་བསྟི་གནས་ཁང་དེའི་ངེས་སྟོན་པ་ Dr. Nandini Lakshmikanta ལགས་དང་། ཁོང་གི་ལས་རོགས་ Dr. Padma Rani ལགས། ལས་གཞི་འབྲེལ་མཐུད་པ་ Prof. Shreeraj Gudi ལགས། དེ་བཞིན་བསྟི་གནས་ཁང་དེའི་དགེ་ལས་བཅས་མཉམ་ཞུགས་གནང་ཡོད། བསྟི་གནས་ཁང་དེས་འབྱུང་འགྱུར་གསར་འགྱུར་བརྒྱུད་ལམ་གྱི་སློབ་ཚན་ནང་བོད་དོན་སྐོར་བཞག་ནས་གསར་འགོད་པའི་ལས་རིགས་སྦྱོང་མཁན་ཚོས་བསྟི་གནས་ཁང་འདི་ནས་བསླབ་པ་མཐར་སོན་སྐབས་བོད་དོན་རྒྱུས་མངའ་ཡོད་པ་ཞིག་བཟོ་རྒྱུའི་ཁས་ལེན་དམ་བཅའ་ཡོད། ཅེས་གསུངས།
ཐེངས་འདིའི་བོད་དོན་གཏམ་བཤད་ཀྱི་ལས་རིམ་ནི་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཧུབ་ལེར་ཚོགས་པའི་རྒྱ་གར་ལྷོ་ཁུལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐབས་ལས་འགུལ་སྤེལ་རྒྱུའི་ཆ་ཤས་ཤིག་ཡིན་འདུག་པ་བཅས།།