༢༠༡༦ ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༦ ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ཁྱབ་ཁོངས་ལས་དོན་དང་འབྲེལ་བའི་ཡིག་ཆ་དང་། འཛིན་ཆས། མི་སྣའི་འབྲེལ་ལམ་སོགས་གསར་དུ་བསྐོ་གཞག་གནང་བའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་སུ་རྩིས་སྤྲོད་དང་འབྲེལ་ལས་འགན་ཇི་ཡིན་དང་། ལས་དོན་མཇུག་སྐྱོང་ཇི་ཡོད་ངོ་སྤྲོད་གནང་ཞིང་། ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་དོན་གཅོད་གསར་རྙིང་དབར་སྤྲོད་དཔང་གནང་ཡོད།
སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལགས་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་ཨ་རིར་ཕེབས་འབྱོར་གནང་བ་དང་། སྤྲོད་དཔང་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཟླ་ ༨ ཚེས་ ༢༦ ཉིན་གྱི་སྔ་དྲོ་སྦར་ཛིལ་ནས་ཨ་རིར་ཕེབས་འབྱོར་གནང་ཞིང་། ཕྱི་ཚེས་ ༢༩ ཉིན་མཐའ་མའི་རྩིས་སྤྲོད་རྩིས་ལེན་གྲུབ་མཚམས་དེ་ཉིན་དགོང་མོ་ཨ་རི་ནས་ཕེབས་ཐོན་གྱིས་སྦར་ཛིལ་དུ་ཕྱིར་ཕེབས་གནང་གི་ཡོད་པ་དང་། སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཕྱི་ཟླ་ ༡༠ ནས་བཟུང་བཞུགས་སྒར་དུ་ཕྱིར་ཕེབས་ཀྱིས་དཔལ་འབྱོར་ལས་ཁུངས་ཁོངས་གཏོགས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་དུ་ལས་འཁུར་གསར་པ་བཞེས་རྒྱུ་ཡིན་པ་རེད།
ཝ་ཤིང་ཀྲོན་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཕྱི་ཚེས་ ༢༦ ཉིན་གྱི་དགོང་དྲོ་ས་གནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དེ་སྔའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ལ་ཕེབས་སྐྱེལ་དང་། སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལགས་སུ་ཕེབས་བསུའི་གསོལ་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཕྱི་ཚེས་ ༣༠ ཉིན་གྱི་དགོང་མོར་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT གིས་ཀྱང་སྐུ་ཚབ་དོན་གཅོད་གསར་རྙིང་གཉིས་ལ་ཕེབས་བསུ་དང་ཕེབས་སྐྱེལ་གྱི་གསོལ་སྟོན་ཞིག་འདེགས་འབུལ་ཞུ་རྒྱུ་ཡིན་འདུག
ཝ་ཤིང་ཀྲོན་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ཀྱིས་སྐུ་ཚབ་དོན་གཅོད་གསར་རྙིང་གཉིས་ལ་འཚམས་ཞུའི་མཇལ་དར་ཕུལ་བ་དང་འབྲེལ་འདུ་འཛོམས་ཀྱི་དགོས་དོན་སྙིང་བསྡུས་གསུངས་རྗེས། སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས། བོད་མི་ཚང་མས་དུས་རྒྱུན་དུ་སྤྱི་སེམས་མ་ཉམས་པའི་ཐོག་ཆིག་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ཁོང་ཨ་རི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་འཁྱུར་ཡང་རྡ་རམ་ས་ལར་ཕེབས་ཏེ་མུ་མཐུད་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ནང་ཕྱག་ལས་གནང་རྒྱུ་ཡིན་པའི་སྐོར། ད་བར་གྱི་ལས་ཡུན་རིང་མི་མང་ཚང་མས་རྒྱབ་སྐྱོར་གནང་བར་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུང་ཡོད་པ་རེད།
སྐུ་ཚབ་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལགས་ཀྱིས། ཚང་མར་འཚམས་འདྲི་དང་འབྲེལ་དོན་གཅོད་སྐལ་རྡོར་ལགས་ཀྱིས་ད་བར་ཕྱག་ལས་ཧུར་ཐག་གནང་བ་དང་། ལས་དོན་གྲུབ་འབྲས་སོན་པ་རྣམས་ལ་བསྔགས་བརྗོད་ཞུས་པ་དང་འབྲེལ། ཁོང་གིས་མུ་མཐུད་གསུང་དོན། སྐུ་ཚབ་དོན་གཅོད་ཚང་མས་༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱེད་ཀྱི་ཡོད་པ་ནང་བཞིན་མིང་དོན་མཚུངས་པའི་ལས་དོན་ཞིག་སྒྲུབ་དགོས་སྟབས་སྐུ་ཚབ་དོན་གཅོད་ལ་དམིགས་བསལ་ལས་འགན་ཞིག་ཡོད་པ་དང་། དེ་སྔ་༧གོང་ས་མཆོག་གིས་ང་ཚོར་བཀའ་སྐྱོན་དང་འབྲེལ་ལམ་སྟོན་ཕེབས་པ་བཞིན། འདས་མ་ཐག་པའི་འོས་བསྡུའི་ལས་རིམ་ནང་གནས་ཚུལ་ཇི་བྱུང་ཚང་མ་འདས་ཟིན་པ་དང་། ད་ལྟ་ཚང་མས་ནུས་ཤུགས་གཅིག་ལ་སྒྲིལ་སྟེ་ལས་ཀ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར། སྐུ་ཚབ་དོན་གཅོད་ཁང་གི་མ་འོངས་ལས་དོན་གྱི་ཁ་ཕྱོགས་ཇི་ཡིན་སྐོར་རོབ་ཙམ་གསུངས། དེ་རྗེས་དོན་གཅོད་ཁང་གི་ལས་བྱེད་རྣམས་ངོ་སྤྲོད་མདོར་བསྡུས་གནང་བ་དང་ཆབས་ཅིག དོན་གཅོད་ཁང་གི་ལས་དོན་བྱེད་ཕྱོགས་ལ་འཛེམས་ཟོན་མེད་པར་དགོངས་འཆར་འདོན་དགོས་པ་དང་། དོན་གཅོད་ཁང་གི་ལས་དོན་ལ་ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
དེ་རྗེས་དོན་གཅོད་གསར་རྙིང་གཉིས་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་གསར་རྙིང་རྣམས་ལ་མཇལ་དར་སྒྲོན་ནས་དོན་གཅོད་རྙིང་པར་ཕྱག་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་གནང་ཡོད་པ་དང་། དོན་གཅོད་གསར་པར་མུ་མཐུད་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་མཚོན་བྱེད་གནང་ཡོད་པ་བཅས།།