༢༠༡༦ ཟླ་ ༨ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་ཤོག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༨ ཉིན་ཝུའུ་དབྱིང་ཇེ་ Mr Wu Yingjie ཟེར་བ་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་གསར་པར་བསྐོ་གཞག་བྱས་འདུག དེ་ནི་ཉེ་ལམ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་རྒྱང་ཐག་སྤྱི་ལེ་ ༢༥༠ སར་ཆགས་པའི་ Beidaihe ཟེར་བའི་མཚོ་འགྲམ་ས་ཁུལ་དུ་བཞུགས་མོལ་ཚོགས་འདུ་ཚོགས་རྗེས་བོད་དང་ཡུ་གུར། ཡུ་ནན་བཅས་ཀྱི་ནང་མཐོ་རིམ་འགོ་ཁྲིད་བརྗེ་བསྒྱུར་བཏང་བ་ཞིག་ཡིན་འདུག དེ་སྔའི་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཁྲེན་ཆོན་གོ Mr Chen Quanguo ཡུ་གུར་དུ་གནས་སྤོས་བཏང་འདུག
ད་ལྟ་རང་ལོ་ ༥༩ ཡིན་པ་ཝུའུ་དབྱིང་ཇེ་ཁོ་པ་ནི་ཕྱི་ལོ་ ༡༩༧༤ ཙམ་ནས་བོད་དུ་བསླེབས་ཤིང་། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགོ་གཙོ་གཞོན་པ་ཡིན་འདུག ཁོ་པ་ལྷ་སའི་མཐོ་སློབ་མ་ཐོན་གོང་ཞིང་ལས་དང་གློག་བཟོའི་ལས་ཀ་བྱེད་མྱོང་ཡོད་འདུག རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལོ་རྗེས་མའི་ནང་སྲིད་འཛིན་གྱི་ལས་དུས་མ་གཙང་གོང་ཐེངས་འདིར་ཁོ་པ་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེར་བསྐོ་གཞག་བྱས་འདུག །