༢༠༡༦ ཟླ་ ༨ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༥༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁྲིག་རྩེ་གྲོང་གསེབ་ཀྱི་བཞུགས་གནས་མགྲོན་ཁང་ནས་ཆིབས་སྒྱུར་གྱིས་གྲོང་གསེབ་དེའི་དགོན་པ་གསར་པ་ཞིག་དབུ་འབྱེད་མཛད་པ་དང་།དེའི་ཉི་འཁྲིས་སུ་ཡོད་པའི་བཙུན་དགོན་དགའ་ལྡན་བཤད་སྒྲུབ་ཆེད་གཉེར་གླིང་དུ་ ཁྱུག་ཙམ་རིང་བཙུན་མ་ཚོར་ལུང་སྡེ་སྣོད་གསུམ་ལ་སློབ་གཉེར་ཡག་པོ་གནང་དགོས་པ་ དང་སློབ་གཉེར་གནང་སྐབས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་གལ་ཆེན་པོ་ཡིན་ཞེས་བཀའ་སྩལ་ཏེ། འཇམ་དཔལ་དབྱངས་
དེ་རྗེས་གྲོང་གསེབ་དེའི་ཁ་ཆེའི་ཆོས་པ་ཚོས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་ པ་བཞིན། ཁ་ཆེའི་ཤི་ཡ་ Shia ཆོས་བརྒྱུད་ཀྱི་ལྷ་ཁང་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་ཁ་ཆེའི་ཆོས་བརྒྱུད་ཤི་ཡ་ Shia དང་སུ་ནི་ Sunni སྡེ་ཚན་གཉིས་ཀྱི་ཆོས་དཔོན་དང་ཁ་ཆེ་བ་མི་གྲངས་ ༢༠༠ ཙམ་ལ། ༸གོང་ས་མཆོག་གིས་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། ཚང་མས་བྱམས་པ་དང་བརྩེ་བའི་བསླབ་བྱ་གཅིག་མཚུངས་གསུང་གི་ཡོད་པར་བརྟེན། ཆོས་ལུགས་ཕན་ཚུན་དབར་གུས་བརྩི་དང་མཐུན་སྒྲིལ་དགོས་སྐོར་བཀའ་སློབ་སྩལ། དེ་བཞིན་འཛམ་གླིང་ཞི་བདེ་བསྐྲུན་ཆེད་ལ་དྭགས་ནང་གི་ཁ་ཆེ་ཚོས་དམིགས་བསལ་འབད་ བརྩོན་གནང་དགོས་པ་མ་ཟད། བུད་མེད་ཚོར་ཤེས་ཡོན་གོ་སྐབས་སྤྱི་མཚུངས་ལྟར་སྤྲད་ནས་འགོ་ཁྲིད་གང་མང་སྐྱེད་ སྲིང་བྱ་དགོས་པའི་ལམ་སྟོན་མཛད་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
དེ་ཉིན་གྱི་ཉིན་དགུང་ལྗགས་སྨིན་གྲུབ་རྗེས་མགོན་པོ་གང་ཉིད་མཆོག་ཁྲིག་རྩེ་ནས་ རྒྱང་ཐག་སྤྱི་ལེ་ ༢ ཙམ་གྱི་སར་ཡོད་པའི་ཤེལ་གྲོང་གསེབ་ཀྱི་ལམ་སྒྲོན་སློབ་གྲྭར་ཆིབས་སྒྱུར་བཀའ་ དྲིན་བསྐྱངས་ཏེ། སློབ་གྲྭའི་དགེ་ལས་སློབ་མ་དང་ཁུལ་དེའི་མང་ཚོགས་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་ལ་དུས་རབས་ ༢༡ འདི་བཞིན་ཞི་བདེ་ལྡན་པ་ཞིག་ཡོང་བར་གཙོ་ཆེ་ཤོས་གཞོན་སྐྱེས་ཚོས་འགན་འཁུར་ བླངས་དགོས་པ་དང་།ཆོས་དང་འཇིག་རྟེན་གང་གི་ཆ་ནས་བཤད་པ་ཡིན་ནའང་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ ཆེན་པོ་ཡིན་པས་སློབ་སྦྱོང་ལ་ཧུར་བརྩོན་བྱ་དགོས་པ་དང་། དེ་ཡང་དེང་རབས་ཀྱི་ཤེས་ཡོན་དང་མཉམ་དུ་ནང་སེམས་ཀྱི་ཞི་བདེའི་ཐོག་ལའང་དོ་སྣང་ དགོས་པའི་བཀའ་སློབ་སྩལ། སྔོན་འགྲོའི་འཛིན་ཁང་ཞིག་དབུ་འབྱེད་མཛད་ཡོད་པ་བཅས།།