༢༠༡༦ ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །སྤྱི་འཐུས་ཚོགས་གཞོན་མཆོག་གི་མཚན་ཐོག་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲི་ཞུས་པའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞི་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་ལ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་སྤྱི་མོས་ཐོག་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གི་ཡབ་དམ་པ་དེ་སྔ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་གཤེགས་རྡོ་རྗེ་མཁའ་འགྲོ་མཆོག་ནི་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་དང་༸གོང་ས་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བའི་གྲོགས་པོ་ཞིག་ཀྱང་ཡིན། ང་ཚོ་བོད་མི་ཚོར་མཚོན་ན་སྐུ་ཉིད་མཆོག་གི་ཡབ་དམ་པ་མཆོག་དང་སྐུ་ཉིད་མཆོག་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་པ་མ་ཟད། ལྷག་པར་སྐུ་ཉིད་མཆོག་གི་མངའ་སྡེའི་ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་དུས་རྟག་ཏུ་མཐུན་འགྱུར་རོགས་རམ་གནང་བ་བཅས་ལ་ང་ཚོས་བཀའ་དྲིན་སྙིང་བཅངས་ཐོག་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་། སླད་ཀྱང་སྐུ་ཉིད་མཆོག་གི་དབུ་ཁྲིད་འོག་ང་ཚོར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་བ་དང་སྦྲགས། འབྱུང་འགྱུར་སྐུ་ཉིད་མཆོག་གི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་འདུག །