༢༠༡༦ ཟླ་ ༧ ཚེས་ ༢༨་རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༨ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱིས་རྒྱ་ནག་གཞུང་ནས་རིན་པོ་ཆེར་མ་ཉེས་ཁ་གཡོག་གིས་ནག་ཉེས་བཙུགས་ནས་བཀྲོངས་པ་དེར་ཁྲིམས་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ནས། ད་བར་རྒྱ་གཞུང་གིས་རིན་པོ་ཆེ་ལ་བཀལ་བའི་ནག་ཉེས་རྣམས་དྲང་བདེན་ལམ་ནས་དག་གསལ་ཡོང་རྒྱུ་ནི། རིན་པོ་ཆེ་མཆོག་དང་འབྲེལ་བ་ཡོད་པ་ང་ཚོ་ཚང་མའི་རེ་བ་ཡིན་ཞེས་གསུངས་སོང་།
དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་གོ་སྒྲིག་འོག ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་དམ་པའི་ཚ་མོ་ཉི་མ་ལྷ་མོ་ལགས་དང་ཁོང་གི་སྤུན་མཆེད་དགེ་བཤེས་བློ་བཟང་ཡོན་ཏན་ལགས་རྣམ་གཉིས་ཀྱིས་གཙོས་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཐོག ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཉི་མ་ལྷ་མོ་ལགས་དང་དགེ་བཤེས་བློ་བཟང་ཡོན་ཏན་ལགས་རྣམ་གཉིས་ངོ་སྤྲོད་ཞུས་པ་དང་སྦྲགས་ཉི་མ་ལྷ་མོ་ལགས་རྒྱ་གར་ནང་བདེ་འབྱོར་བྱུང་ཐུབ་པར་འཚམས་འདྲི་ཞུས་ཡོད། དེ་རྗེས་ཉི་མ་ལྷ་མོ་ལགས་ཀྱིས་ཁོང་རྒྱ་གར་ལ་ཡོང་དགོས་པའི་རྒྱུ་མཚན་གཉིས་དང་རེ་བ་གཅིག་ཡོད་སྐོར་གསུང་དོན། དེ་རིང་གི་གསར་འགོད་གསལ་བསྒྲགས་འདི་བརྒྱུད་ནས་དོན་ཚན་གཉིས་དང་རེ་བ་གཅིག་ཞུ་རྒྱུ་ཡིན། དང་པོ་ནི་རིན་པོ་ཆེ་མ་འདས་གོང་གི་གནས་ཚུལ་དང་། དོན་ཚན་གཉིས་པ་དེ་རིན་པོ་ཆེ་འདས་ཟིན་པའི་རྗེས་ཀྱི་གནས་ཚུལ། མཐའ་མ་དེ་ང་ལ་རེ་བ་གཅིག་ཡོད།
རིན་པོ་ཆེ་མ་འདས་གོང་གི་གནས་ཚུལ་ནི། ཨ་ཞང་མ་འདས་པའི་ཉིན་བཅུའི་གོང་ངའི་ཨ་མ་དང་ཨ་ནེ་གཉིས་ཁོང་ཐུག་འཕྲད་ཆེད་སྐད་བཏང་བ་རེད། འོན་ཀྱང་ཁོང་གཉིས་ལ་ཨ་ཞང་ཐུག་བཅུག་མེད། ཉིན་གཅིག་ང་ལ་ཨ་མས་ཨ་ཞང་འདས་གྲོངས་ཕྱིན་འདུག་ཅེས་ཁ་པར་ཞིག་བསླེབས་བྱུང་། དེ་ནས་ངས་ཅི་བྱེད་འདི་བྱེད་མེད་པར་ང་ཚོའི་གྲོང་པ་དང་མི་མང་ཚོ་ལ་རིན་པོ་ཆེ་དགོངས་པ་རྫོགས་འདུག རིན་པོ་ཆེའི་སྐུ་ཕུང་གདན་ཞུའི་ཆེད་ཁྱེད་ཚོས་ངར་རོགས་པ་གནང་སྟེ་རེ་བ་ཞུ་སར་ཡོང་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། སྐབས་དེར་ཁྱོན་མི་གྲངས་ ༣༠༠ ཙམ་འདུ་འཛོམས་བྱུང་ཡོད་པ་དང་། ང་ཚོས་ལི་ཐང་རྫོང་གི་གཞུང་ལ་ཆོག་མཆན་ཞུ་རུ་ཕྱིན་པ་རེད། རྫོང་གཞུང་ནས་འདི་ལྟ་བུ་ཆོག་མཆན་སྤྲད་རྒྱུའི་དབང་ཚད་རྩ་བ་ནས་མེད། འོན་ཀྱང་རྫོང་རེ་རེའི་མི་བདུན་རེ་འགྲོ་ཆོག་རྒྱུའི་ཆོག་མཆན་ཞིག་འདུག རིན་པོ་ཆེ་རྫོང་འདིའི་ཁོངས་ནས་ཡིན་སྟབས་མི་བདུན་གྱི་ཐོག་མི་གཉིས་འཕར་མ་འགྲོ་ཆོག་རྒྱུའི་ཆོག་མཆན་ཐོབ་ཡོད། འོན་ཀྱང་ཆོག་མཆན་ཐོབ་པའི་མི་དགུའི་ཁོངས་ང་ཚུད་མེད།
སྐབས་དེར་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་སྟབས་ཕར་འགྲོ་མཁན་གྱི་འགྲིམ་འགྲུལ་ཡོངས་རྫོགས་བཀག་སྟེ་དམ་བསྒྲགས་ཡོད་བཞིན་དུ་ངས་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་མཐར་ཁྲིན་ཏུར་བསླེབས་ཐུབ་པ་བྱུང་སོང་། ཁྲིན་ཏུར་བཙོན་ཁང་དུ་ཕྱིན་ནས་ཁྱེད་ཚོས་རིན་པོ་ཆེ་བཀྲོངས་པ་རེད་ཅེས་སྐད་འབོད་བྱས་པ་ཡིན། གལ་ཏེ་བཀྲོངས་མེད་ན་ང་ཚོར་ཡི་གེ་སྤྲད་དགོས་ཀྱི་ཡོད། རིན་པོ་ཆེ་མ་གྲོངས་གོང་ཨ་མ་དང་ཅི་ཕྱིར་ཐུག་བཅུག་མེད། སྐབས་དེར་ཨ་མས་མགོ་གྱང་ལ་བརྡབ་པ་དང་ངས་སྐེ་དཀྲི་དེ་བཙོན་ཁང་གི་སྒོར་དཔྱངས་ནས་རང་ཤི་རྒྱག་རྩིས་བྱས་པ་ཡིན། ངས་དེ་ལྟར་བྱེད་སྐབས་གཡས་གཡོན་དུ་རྒྱ་མི་མང་པོ་ཞིག་འཛོམས་པ་དང་བཙོན་ཁང་གི་སྒོ་སྲུང་མཁན་དེ་ཚོས་བཀག་སོང་། དེ་རྗེས་གཞི་ནས་རྒྱ་ནག་གི་དཔོན་པོ་དེ་ཚོས་ང་ཚོར་ཡ་ལན་བྱས་རྗེས་ཆུ་ཚོད་གཉིས་པ་བར་ལན་བྱེད་ཆོག་ཅེས་བརྗོད་བྱུང་། དེ་རྗེས་མཐར་ངར་ཨ་ཞང་གི་སྐུ་ཕུང་མཇལ་རྒྱུ་རག་བྱུང་། སྐབས་དེར་ངས་ཨ་ཞང་གི་མཆུ་ནག་པོ་ཡིན་པ་མཐོང་བྱུང་། དེ་དུས་མི་མང་པོ་བསླེབས་པ་དང་ཨ་མ་ངེད་གཉིས་ལ་ཁ་པར་མང་པོ་ཞིག་བསླེབས་སོང་། སྐབས་དེར་ངས་རིན་པོ་ཆེ་ཁོང་ཚོས་བཀྲོངས་འདུག་ཅེས་ཁ་པར་ཐོག་ལབ་པ་ཡིན། དེ་རྗེས་ཨ་མ་ངེད་གཉིས་ཉིན་གྲངས་བཅོ་བརྒྱད་རིང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེའི་རིང་ཉེན་རྟོག་པ་ཚོས་ངེད་གཉིས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བཏང་ཡོད་མེད་བཙན་བཀའ་བཏང་སྟེ་འདྲི་རྩད་བྱས་བྱུང་། སྐབས་དེར་ངས་ཁོར་ཚོར་ཁ་པར་མང་པོ་ཞིག་སླེབས་སྐབས་ངས་ཨ་ཞང་རྒྱ་ནག་གིས་བཀྲོངས་འདུག་ཅེས་ལབ་པ་ཡིན།
ཁ་པར་དེ་ཚོ་ཕྱི་ལོག་ནས་ཡིན་མིན་ངས་མི་ཤེས་ཞེས་ལན་འདི་བརྒྱབ་པ་ཡིན། བཙོན་ཁང་ནས་ཐར་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་རེད་འདུག རྫོང་གི་དཔོན་པོ་ཞིག་གིས་ངེད་གཉིས་བཙོན་པ་ནག་པོའི་ཁོངས་སུ་ཚུད་ཚར་འདུག འོན་ཀྱང་ཁྱེད་གཉིས་ལི་ཐང་རྫོང་གི་མི་ཡིན་པར་བརྟེན་ང་ཚོས་ཞུ་བ་བརྒྱབ་ནས་ཡར་ཁྲིད་པ་ཡིན་ཞེས་བརྗོད་བྱུང་། དེ་རིང་ནས་བཟུང་ཁྱེད་གཉིས་ཀྱིས་རྒྱུ་མཚན་གསུམ་པོ་འདིའི་ཐོག་ས་རྟགས་བརྒྱབ་དགོས་རེད་ཅེས་བརྗོད་བྱུང་། རྒྱུ་མཚན་གསུམ་པོ་དེ་ནི།
༡༽ ཁྱེད་རང་ཚོས་ད་ནས་བཟུང་རིན་པོ་ཆེའི་མཆུ་དང་སན་མོ་ནག་པོ་རེད་འདུག་ཅེས་པའི་སྐད་ཆ་དེ་རྩ་བ་ཉིད་ནས་བཤད་ཆོག་གི་མ་རེད།
༢༽ ཁྱེད་རང་ཚོས་མི་མང་བསྡུ་རུབ་བྱས་ཏེ་སྐད་ཆ་དེ་བཀྲམ་ཆོག་གི་མ་རེད།
༣༽ ཁྱེད་རང་གཉིས་ཀྱིས་སྐད་ཆ་དེ་ཕྱི་ལོག་ཏུ་རྩ་བ་ནས་བཀྲམ་ཆོག་གི་མ་རེད། སྐད་ཆ་འདི་སུས་བཀྲམ་ན་འཛིན་བཟུང་བྱེད་རྒྱུ་ཡིན། ཞེས་འཁོད་པའི་ཡིག་ཆའི་ཐོག་ས་རྟགས་འགོད་དགོས་རེད་ཅེས་བརྗོད་སྐབས། ངའི་ཨ་མས་ང་ནི་ཡི་གེ་ཤེས་ཀྱི་མེད། གང་ལྟར་རིན་པོ་ཆེའི་གྱོད་དོན་སྐོར་ཡིན་ན་ངའི་མགོའི་ཐོག་མེ་མདའ་བཞག་པ་ཡིན་ན་ངས་ས་ཡིག་བརྒྱབ་ཀྱི་མིན། བླ་མ་འདི་ང་ཁོ་ནའི་བླ་མ་མིན། ཁོང་གི་གྱོད་དོན་ནི་འཛམ་གླིང་གིས་ཤོད་མཁན་རག་གི་རེད། ཅེས་ཁས་ལན་རྩ་་བ་ནས་བྱས་མེད།་སྐབས་དེར་ལི་ཐང་གི་དཔོན་པོ་ཞིག་གིས་ང་ཚོའི་ཚབ་བྱས་ཏེ་བདེ་འཇགས་དེ་ངས་ཁས་ལེན་དགོས། ངས་ཁྱེད་རང་གཉིས་ལྟ་རྟོག་བྱེད་ཀྱི་རེད། ཁྱེད་རང་གཉིས་གང་དུ་འགྲོ་བསྐྱོད་བྱེད་རྒྱུ་ཡིན་ན་ང་བརྒྱུད་ཆོག་མཆན་ཞུ་དགོས་རེད་ཅེས་བརྗོད་ནས་ཨ་མ་ངེད་གཉིས་བཙོན་ཁང་ནས་ཐར་སོང་།
དོན་ཚན་གཉིས་པ་རིན་པོ་ཆེ་འདས་ཟིན་པའི་རྗེས་ཀྱི་ལི་ཐང་གི་གནས་ཚུལ། རྩ་བའི་ང་ཚོ་བོད་ཀྱི་ལུགས་སྲོལ་ལྟར་མི་གྲོངས་པའི་རྗེས་འདས་མཆོད་དང་མཆོད་མེ་འབུལ་རྒྱུའི་ལུགས་སྲོལ་ཡོད་པ་དེ་གྲོང་པ་དང་མི་སྒེར་སུ་ཞིག་ལའང་རྩ་བ་ཉིད་ནས་བྱེད་བཅུག་མེད། རིན་པོ་ཆེ་ནི་དགོན་པ་མང་པོའི་བདག་པོ་དང་མི་ཁྲི་ཚོ་མང་པོས་དད་གུས་བྱེད་ཀྱི་ཡོད་པར་བརྟེན། སྐུ་ཕུང་དང་སྐུ་ཐལ་རག་མེད་ཀྱང་ན་བཟའ་སོགས་ཀྱི་མཆོད་རྟེན་རྒྱག་རྒྱུའི་འབད་བརྩོན་བྱས་ཀྱང་མཆོད་རྟེན་བརྒྱབ་བཅུག་མེད། སྐབས་དེ་དུས་བརྙན་འཕྲིན་ཁག་གི་ནང་རིནཔོ་ཆེ་དང་འབྲེལ་བའི་ཡིག་ཆ་དོན་ཚན་གསུམ་ཅན་ཞིག་བཀྲམ་ཡོད། ༡༽ རིན་པོ་ཆེ་བླ་མ་རྫུན་མ་རེད། ༢༽རྒྱ་ནག་གི་ཁྲིམས་དང་འགལ་བའི་མི་ནག་ཅན་རེད། ༣༽ ད་ནས་བཟུང་རིན་པོ་ཆེའི་སྐོར་སུ་གང་གིས་ཅི་ཡང་བྱེད་ཆོག་གི་མེད། ཅེས་རླུང་འཕྲིན་ཁང་གི་བརྒྱུད་ཁྱབ་བསྒྲགས་བྱས་སོང་། འདི་ནི་རིན་པོ་ཆེ་འདས་ཟིན་པའི་རྗེས་ཀྱི་གནས་ཚུལ་རེད། དེ་བཞིན་རིན་པོ་ཆེའི་ཡང་སྲིད་སྐོར་ཡིན་ནའང་ངའི་གོ་ཐོས་ལ་ཉག་ཆུ་ཁུལ་དུ་རིན་པོ་ཆེའི་ཡང་སྲིད་དེ་ཡང་པཎ་ཆེན་རིན་པོ་ཆེ་བཞིན་ཡོང་གི་རེད་ཅེས་བརྗོད་བཞིན་ཡོད་འདུག རྩ་བའི་བོད་ནང་དམ་བསྒྲགས་ཤུགས་ཆེན་པོ་ཡོད་ཀྱང་། ལི་ཐང་ཁུལ་དུ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམས་ཆོག་པ་དང་། ༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆོག་པ་སོགས་གུ་ཡང་ཡོད་ཀྱང་། ལི་ཐང་དུ་འཁྲུངས་པའི་དགོན་པ་མང་པོ་ཡོད་པའི་བླ་མའི་སྐུ་པར་སྒྲིག་གཤོམ་ཆོག་གི་མེད། གནད་དོན་འདི་ཅིའི་ཕྱིར་ཆགས་པ་རེད། རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་རིན་པོ་ཆེ་འདས་ཟིན་པའི་གནས་སྟངས་འདི་ལྟར་རེད།
མཐར་ངའི་རེ་བ་ནི་ངས་ནང་མི་དང་ཨ་མ། སོ་སོའི་ཕྲུ་གུ་བཅས་བློས་བཏང་ནས་དཀའ་ངལ་མང་པོ་ཞིག་ཁྱད་གསོད་བྱས་ནས་དེ་རིང་འདིར་སླེབས་ཐུབ་པ་བྱུང་ཡོད། ང་ཙམ་མིན་པར་རིན་པོ་ཆེ་དང་འབྲེལ་བ་ཡོད་མཁན་ཚང་མས་རིན་པོ་ཆེ་ལྟ་བུ་ཆོས་བྱེད་མཁན་ཞིག་ལ་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་དང་འབར་རྫས་གས་གཏོར་གྱི་ནག་ཉེས་གཡོག་སྟེ་བཀྲོངས་པ་དེ་རྒྱ་ནག་གི་ཁྲིམས་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ནས་གཙང་མ་ཆགས་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་གསུངས་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད།
ཉི་མ་ལྷ་མོ་ལགས་ནི་ལི་ཐང་རྫོང་ཐོག་ཏུ་སྐྱེས་ཤིང་། ད་ལྟ་རང་ལོ་ ༢༦ ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཐུབ་བསྟན་སྐལ་བཟང་། ༼ཚེ་འདས༽དང་། མའི་མིང་ལ་སྒྲོལ་དཀར་ལྷ་མོ་ཡིན། ཁོང་མོའི་མ་ནི་ལི་ཐང་སྤྲུལ་སྐུ་ཞིང་གཤེགས་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་ཡིན། ཁོང་བཞུགས་སྒར་དུ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༤ ཉིན་འབྱོར་ཡོད།།