ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་དགེ་ལུགས་ཡོངས་ཀྱི་ལོ་གཅིག་འཁོར་མོར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་ལེགས་པར་གྲུབ་པ་དང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་གཉིས་འཛོམས་ཀྱི་ཉིན་མོ་དང་སྟབས་བསྟུན། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་དང་མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཡོངས་ཟུང་འབྲེལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཚོད་ ༤ ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག། གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དབུ་བཞུགས་ཀྱིས་དགེ་འདུན་འདུས་མང་ནས་སྐུའི་ཚེ་སྒྲུབ་གསུང་བ་དང་།
དེ་ནས་སྔ་དྲོ་ཆུ་ཚོད་ ༧ ཙམ་ལ་སྤྱན་རྒྱ་སྤོས་འཛིན་གྱིས་སྔུན་བསུས་ཏེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག འབྲས་སྤུངས་ཁྲི་པ་བཅས་ཀྱིས་སྤོས་སྣེ་དང་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་འཕྲལ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རི་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་གྲུབ་མཚམས་མཁན་བླ་འདུས་མང་ཡོངས་ནས་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཎ་གྲུབ་བསྟོད་ཆེན་སོགས་ཆོས་སྤྱོད་གསུང་མུར་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་གནང་སྐབས་བོད་མི་མང་དགེ་ལུགས་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་དང་གོ་བོ་བློ་བཟང་ཕན་བདེ་ལགས་རྣམ་གཉིས་ནས་ཚོམ་བུ་ཟུར་འདེགས་ཀྱིས་ལྗགས་བཤད་གྲུབ་མཚམས་འབུལ་བཞེས་མཛད། དེ་རྗེས་མུ་མཐུད་སྐུ་གསུང་ཐུགས་རྟེན་དང་བཀྲ་ཤིས་རྟགས་རྫས་སོགས་འབུལ་བཞེས་དང་འབྲེལ་མཎྜེལ་རྟེན་གསུམ་འདེགས་འབུལ་དང་། བྱང་རྩེ་ཆོས་རྗེ་རིན་པོ། དགེ་ལུགས་སྤྱི་འཐུས་རྣམ་གཉིས། གྲྭ་ཚང་བཅུ་གཅིག་གི་མཁན་པོ་རྣམ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཅས་ལ་མཇལ་ཁ་སྩལ་བ་དང་། ཤར་པ་ཆོས་རྗེ་མཆོག་ནས་གཏང་རག་མཎྜལ་འདེགས་འབུལ་ཞུས་གྲུབ་རྗེས། ས་གནས་འགོ་འཛིན་གྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ཚོགས་མི་རྣམས་དང་། ས་གནས་ཀྱི་འཐུས་མི་གསུམ་བཅས་ལ་མཇལ་ཁ་སྩལ་བ་དང་། དབུ་མཛད་ཀྱིས་ཉི་གཞོན་འཆར་ཀ་མ་དང་མཆོག་གསུམ་གཤིས་བརྗོད་བཅས་གསུང་སྟེ་ཀ་དར་སྒྲོན་མཚམས། སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།ང་རང་ཚོ་སྐལ་བཟང་དུས་བཟང་སྐབས་སུ་བརྟན་བཞུགས་འབུལ་རྒྱུ་དེ་ལམ་དང་ལུགས་སྲོལ་ལྟ་བུ་ཞིག་དང་། ཁ་ཤས་ཀྱིས་ཁྲལ་ལྟ་བུ་བྱས་ནས་བརྟན་བཞུགས་དེ་འདྲ་འབུལ་གྱི་ཡོད། དེང་སྐབས་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་མོས་གུས་གདུང་ཤུགས་དྲག་པོའི་ཐོག་ནས་བརྟན་བཞུགས་འབུལ་རྒྱུ་ཆགས་ཡོད། དེ་རིང་ཁྲི་རིན་པོ་ཆེས་ཞལ་མངའ་ནས་དབུ་མཛད་དེ་དམིགས་བསལ་སྒྲུབ་པ་ཚོགས་ནས་དེའི་རྗེས་འབྲེལ་བརྟན་བཞུགས་གནང་བ་རེད། ངོས་རང་ལོ་ ༨༡ སླེབ་ཡོད་པ་དང་། དངོས་ཡོད་གནས་ཚུལ་ཐོག་ནས་དུས་ཀྱི་འགྱུར་བ་ཆེན་པོ་ཞིག་སླེབས་ཡོད་སྟབས། ཁྱེད་རང་ཚོས་ངོས་ལ་རེ་བ་བཅོལ་ནས་མོས་གུས་རྩེ་གཅིག་ཏུ་བརྟན་བཞུགས་འབུལ་བ་དེས་བདེན་པའི་ནུས་པ་ཏན་ཏན་ཡོད་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་ཚོགས་ཆུང་གི་སྤྱི་ཁྱབ་འབྲེལ་མཐུད་པ་བླ་མ་ཆོས་འཕེལ་བཟོད་པ་ལགས་ཀྱིས་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་ལོ་གཅིག་གི་ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་རྩིས་ཁྲ་སྙན་སྒྲོན་ཞུས་རྗེས་བརྟན་བཞུགས་ཀྱི་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།