༢༠༡༦ ཟླ་ ༧ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༤༣ ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དམ་པར་སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སྤྱི་འཐུས་རྒྱུན་ལས་ཁག་གཅིག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་སྲི་ཞུ་བ་ཆེ་ཕྲ་དང་། ཆོས་སྡེ་ཁག་གི་དགེ་འདུན་པ། སེར་སྐྱ་མི་མང་སོགས་ནས་ལུས་ལ་ན་བཟའ་གཟབ་མཆོར་ལེགས་པར་སྤྲས་ཏེ་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ཁག་ལ་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་རྒྱགས་རྔན་ལྷ་བསངས་དང་། གནས་ཆུང་གྲྭ་ཚང་གི་དགེ་འདུན་པ་བཞི་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་ བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་ཆེད་བསངས་མཆོད་ཟབ་རྒྱས་དང་ལྷན་ཞལ་འདོན་གསུང་འདོན་སྐབས་མང་ཚོགས་རྣམས་མཉམ་ཞུགས་ཀྱིས་བསྟན་སྲུང་རྣམས་ལ་གཏང་རག་ ཕུལ་ཏེ་༸གོང་ས་མཆོག་གི་ཐུགས་བཞེད་ལྷུན་འགྲུབ་དང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་འཕྲིན་བཅོལ་གསོལ་འདེབས་གནད་སྨིན་ གནང་མཐར་ལྷ་རྒྱལ་རིའི་སྲུང་མ་དམར་ནག་གཉིས་ཀའི་མདུན་ཐང་དུ་བོད་རྒྱལ་ཁབ་ཆེན་ པོའི་རྒྱལ་གླུ་བཏང་རྗེས་ཚང་མས་སྒྲ་དབྱངས་གཅིག་གྱུར་ཐོག ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ཞེས་འབྲུག་སྒྲ་གྲགས་པ་ལྟར་ལན་གསུམ་འཐེན་རྗེས་སྔ་དྲོའི་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གྲུབ།
དངོས་གཞི་གཞུང་འབྲེལ་མཛད་སྒོ་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་དབུ་གཡབ་ཏུ་བོད་ མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་དང་། སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་གཙོས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། གཞན་ཡང་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་སྲིད་ཚབ་མཆོག་གིས་བོད་རྒྱལ་ཁབ་ཆེན་ པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས་ཚང་མ་སྐུ་བཞེངས་ཀྱིས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་། དེ་རྗེས་སྲིད་ཚབ་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་གཙོས་ཁྲིམས་ཞིབ་པ་གཞན་གཉིས་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག ཡབ་གཞིས་སྐུ་འཁོར་རྣམ་པ། བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ནས་རིམ་བཞིན་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་མཇལ་དར་སྒྲོན་འབུལ་དང་ཆབས་ཅིག་བོད་ཀྱི་ཟློས་གར་ཚོགས་པས་དྲུག་ཅུའི་དབྱངས་ལྡན་གྱི་མཉམ་གཞས་བཏང་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་སྟོད་དིང་རིའི་འཁྲབ་གཞས་༼གནས་ཆེན་རོང་པོ།༽ ཞེས་པའི་གཞས་སྣ་འཁྲབ་སྟོན་ཞུས་གྲུབ་མཚམས། དཔལ་ལྡན་སྲིད་ཚབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསུམ་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ཞབས་ལོ་ ༢༥ ཧྲིལ་པོ་འཁོར་བའི་ལེགས་སྐྱེས་ཕྱག་རྟགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་འགན་འཛིན་སྡེ་ཚན་ནས་ཟུང་དྲུང་ཚེ་རིང་བསམ་གྲུབ་ལགས་དང་། ལས་བྱ་སྡེ་ཚན་ནས་ཕྱི་དྲིལ་སྣར་ཐང་པར་ཁང་གི་སྡེ་འགན་རྡོ་རྗེ་ཚེ་རིང་ལགས་གཉིས་ལ་གཟེངས་རྟགས་གནང་། དེ་ནས་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་མཉམ་༼༸རྒྱལ་བའི་བཀའ་དྲིན་རྗེས་དྲན།༽ ཞེས་པ་གཟིགས་འབུལ་ཞུས། དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཟུར་ཆབ་སྲིད་བཙོན་ཟུར་བློ་བཟང་བསྟན་འཛིན་ལགས་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་སྤྱི་ཟུར་གངས་ལྷ་མོ་ལགས་ཀྱིས་རྒྱ་ཡིག་ཐོག་ཕབ་སྒྱུར་དང་། ཕྱི་དྲིལ་རྒྱ་ཡིག་ཚན་པས་ཞུ་བཅོས་གནང་བ༼བཙན་གནོན་ལ་རྒོལ་བའི་སྙིང་སྟོབས་བློ་བཟང་བསྟན་འཛིན།༽ ཞེས་པའི་རྒྱ་ཡིག་དཔེ་དེབ་དབུ་འབྱེད་གནང་གྲུབ་བསྟུན།
རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་མཆོག་གིས་གསུང་བཤད་དང་། དེ་ནས་རྡ་ཤོད་བོད་ཁྱིམ་ནས་༼རྗེ་མར་པ་དང་རྗེ་མི་ལ་རས་པ་མཇལ་འཕྲ།་༽ ཞེས་པ་འཁྲབ་སྟོན་ཞུས་གྲུབ་བསྟུན། དཔལ་ལྡན་སྲིད་ཚབ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་། དེ་ནས་ནོར་གླིང་བུ་བཅོལ་ཁང་ནས་གཞས་སྣ་༼ང་ཚོ་བོད་ལ་ཡོད།༽ ཞེས་པ་འཁྲབ་སྟོན་ཞུས་གྲུབ་རྗེས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྐུ་ཞབས་ཝི་ཇེ་ཀ་རན་ཏི་ལགས་ཀྱིས་རྩོམ་སྒྲིག་གནང་བའི་དཔེ་དེབ་The Dalai Lama : The Soldier of Peace ཞེས་པ་ཧིན་དྷིའི་སྐད་ཡིག་ཐོག་བསྒྱུར་བའི་དཔེ་དེབ་དབུ་འབྱེད་གནང་། དེ་ནས་མདོ་སྨད་ཆོལ་ཁ་ནས་གཞས་སྣ་༼བྱམས་བརྩེའི་མེ་ཏོག༽ ཞེས་པ་འཁྲབ་སྟོན་ཞུས་གྲུབ་མཚམས། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱིས་NCA རོགས་སྐྱོར་འོག་གཏན་ཉིན་སློབ་གྲྭ་ཁག་གི་གཞི་རིམ་ཨང་རྩིས་གནས་ཚད་གོང་མཐོར་གཏོང་ཐབས་སུ་༼འཛིན་རིམ་ཁག་ལྔའི་ཨང་རྩིས་སློབ་ཁྲིད་བརྙན་སྡེར།༽དབུ་འབྱེད་དང་། བོད་ཀྱི་ཟློས་གར་ཚོགས་པས་འདོན་སྤེལ་ཞུས་པའི་༼༢༠༡༦ ལོའི་དབྱར་སྐྱིད་བརྙན་འཕྲིན་འོད་སྡེར།༽ དབུ་འབྱེད་གནང་། དེ་ནས་དབུས་གཙང་ཆོལ་ཁས་གཞས་སྣ་༼སྐྱིད་ལུང་སྒྲོལ་མའི་རི་ལ།༽ཞེས་པ་གཟིགས་འབུལ་ཞུས་བསྟུན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་། མདོ་སྟོད་ཆོལ་ཁ་ནས་༼གངས་དཀར་ཏི་སི།༽ཞེས་པ་དང་། ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནས་༼བསོད་ནམས་སྤང་རྒྱན།༽ ཞེས་པ་འཁྲབ་སྟོན་གནང་། དེ་ནས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནས་མཉམ་གཞས་༼གསང་གསུམ་མཛད་འཕྲིན་རྒྱས་པའི་སྨོན་འདུན།༽ ཞེས་པ་བཏང་རྗེས་མི་མང་སྟོང་ཚོ་བརྒལ་བ་འདུ་འཛོམས་བྱུང་བ་རྣམས་ལ་རྡ་ས་ཚོང་ཁང་སྐྱིད་སྡུག་སོགས་ནས་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་མཚོན་ཆེད་དུ་མངར་ཟས་མི་དམངས་ཁྱོན་ཡོངས་ལ་གནང་སྟེ་སྐུའི་འཁྲུངས་སྐར་དུས་ཆེན་དགའ་སྤྲོའི་རྣམ་པའི་ཁྲོད་དུ་གྲོལ་ཡོད། །