༢༠༡༦ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢ ཉིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཨེ་ལི་ཝི་སལ་ Elie Wiesel མཆོག་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་འདས་གྲོགས་སུ་གྱུར་བར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་བཟའ་ཟླ་མེ་རི་ཨོན་ཝི་སལ Marion Wiesel མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
དམ་པ་ཁོང་ལ་བཟང་པོའི་ཁྱད་ཆོས་དུ་མ་ཞིག་ཡོད་པ་མ་ཟད། ཁོང་ནི་བོད་མིའི་གྲོགས་པོ་བློས་ཐུབ་ཤིག་ཀྱང་ཡིན། ངོས་ཀྱིས་དམ་པ་དེ་ཉིད་ཀྱི་ཆེད་སྨོན་ལམ་རྒྱག་རྒྱུ་དང་། སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་གི་སྐུ་འཁོར་ལྷན་རྒྱས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་ཡིན།
སྐུ་ཉིད་ནས་མཁྱེན་གསལ་ལྟར། དམ་པ་ཁོང་དང་ངོས་རང་། དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་གཞན་བཅས་ནས་མཉམ་རུབ་ཐོགརྩོད་གཞི་གང་ཞིག་ཡིན་ཡང་གྲོས་མོལ་གྱི་ལམ་ནས་སྒྲིག་འཇགས་ཡོང་ཐབས་དང་། དེ་བཞིན་འཛམ་གླིང་ཞི་བདེར་བསྐྲུན་ཐབས་སུ་འབད་བརྩོན་རྒྱ་ཆེ་ཞུས་ཡོད། ཅེས་དང་།
མཐར་༸གོང་ས་མཆོག་གིས་སྐུ་ཞབས་ཝི་སིལ་ལགས་ཀྱི་སྐུ་ཚེ་དོན་སྙིང་ལྡན་པ་ཞིག་གི་ཐོག་བསྐྱལ་གནང་ཡོད་པ་དང་། ང་ཚོས་དམ་པ་ཁོང་ལྟར་དུས་རྟག་ཏུ་འཁོན་འཛིན་སྤངས་ཤིང་འཆམ་མཐུན་དང་། ཕན་ཚུན་མཛའ་བརྩེའི་འདུ་ཤེས་ཀྱི་བསམ་བློ་གོང་སྤེལ་གཏོང་ཐབས་གནང་རྒྱུ་ནི་དམ་པ་ཁོང་ལ་ཆེ་བསྟོད་མཆོག་ཏུ་གྱུར་བ་ལྟ་བུ་ཆགས་རྒྱུ་ཡིན། ཞེས་འཁོད་ཡོད། །
༼གསུང་འཕྲིན་ངོ་མ་དབྱིན་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽