༢༠༡༦ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ལ་དམིགས་བསལ་ཚོགས་འདུ་ཞིག་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག སཾབྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་རྣམ་པ། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་ཆེ་རྣམ་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་དང་གང་བློ་མ་འདོན་གནང་གིས་ཚོགས་འདུ་དབུ་འབྱེད་གནང་ཡོད།
དེ་ནས་སཾམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་ཕེབས་བསུའི་འཚམས་འདྲི་དང་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་གྲུབ་བསྟུན་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་ཕྱག་རོགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། སཾ་བྷོ་ཊའིའགན་འཛིན། དེ་བཞིན་སློབ་གྲྭ་ཁག་ཉི་ཤུ་རྩ་གཅིག་ནས་ཕེབས་པའི་འགན་འཛིན་རྣམ་པ་བཅས་ལ་ངོས་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཤེས་ཡོན་གལ་ཆེ་ཤོས་ཡིན་ཞེས་དེ་སྔ་བཀའ་ཤག་སྐབས་ ༡༤ པའི་སྐབས་ཞུས་པ་ཡིན། ད་ལྟ་བཀའ་ཤག་སྐབས་ ༡༥ ངོས་ནས་དེ་ག་རང་ཡིན། རྒྱུ་མཚན་གང་ཡིན་བརྗོད་ན། ༧གོང་ས་མཆོག་གིས་ཤེས་ཡོན་གལ་ཆེན་ཡིན་པའི་སྐོར་བཀའ་སློབ་རིམ་པ་སྩལ་ཡོད་པ་དེ་དག་རྣམ་པ་ཚོ་ཚང་མས་གསན་ཡོད།
བོད་ཀྱི་མ་འོངས་ས་བོན་ལ་ཤེས་ཡོན་གལ་ཆེན་པོ་ཡིན་པར་བརྟེན། ༧གོང་ས་མཆོག་གིས་དུས་རྟག་ཏུ་འདབ་གཤོག་གཉིས་ལྡན་གྱི་སློབ་མ་དགོས་ཀྱི་ཡོད་པ་དང་། སྲོལ་རྒྱུན་གྱི་ལམ་ལུགས་ལ་མཆོག་ཏུ་གྱུར་པའི་ཐོག་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཞིག་དགོས་ཀྱི་ཡོད། ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག་ཐོག་མར་དགོན་པ་དང་གཞིས་ཆགས་རྒྱག་རྒྱུའི་ཚབ་ཏུ་སློབ་གྲྭ་བཙུགས་པ་ཡིན་ཞེས་བཀའ་སློབ་ཕེབས་ཡོད། དེ་བཞིན༸གོང་ས་མཆོག་གིས་ང་ཚོ་བོད་པའི་ཕྲུ་གུ་རྣམས་ལྡུམ་རྭའི་ནང་གི་མེ་ཏོག་ལྟར་མིན་པར་རི་སྐྱེས་མེ་ཏོག་བཞིན་དགོས་ཞེས་བཀའ་སློབ་སྩལ་ཡོད།
ལྡུམ་རྭའི་ནང་གི་མེ་ཏོག་དེ་སྙིང་རྗེ་མོ་ཡོད་ཀྱང་། ལུད་དང་ས། ཆུ་སོགས་བླུགས་ཏེ་བདག་གཅེས་བྱས་ན་གཞི་ནས་སྙིང་རྗེ་པོ་ཆགས་ཀྱི་ཡོད། རི་སྐྱེས་མེ་ཏོག་ནི་ལྷགས་པ་དང་གངས་ཆར་སོགས་ཅི་ཞིག་བྱུང་བ་ཡིན་ནའང་འགྱུར་མེད་རང་བཞིན་གྱིས་གནས་ཐུབ་ཀྱི་ཡོད་སྟབས། རི་སྐྱེས་མེ་ཏོག་ལྟ་བུ་ཞིག་དགོས་ཀྱི་ཡོད་ཅེས་བཀའ་སློབ་སྩལ་བ་རེད། གང་ཡིན་བརྗོད་ན་མ་འོངས་འགོ་ཁྲིད་དེ་དག་སློབ་གྲྭ་ཁག་ནས་ཐོན་དགོས་ཀྱི་ཡོད་སྟབས་ཤེས་ཡོན་གལ་ཆེ་ཤོས་ཡིན།
མི་འབོར་ཐོག་ནས་གཟིགས་པ་ཡིན་ནའང་། ཚང་མས་མཁྱེན་ངེས་རེད། རྒྱ་ནག་མི་འབོར་དང་ང་ཚོའི་མི་འབོར་ལྟ་བ་ཡིན་ན། བོད་ནང་བོད་མི་ས་ཡ་དྲུག་དང་བཙན་བྱོལ་ནང་བོད་མི་འབུམ་གཅིག་དང་ལྔ་ཁྲི་ཙམ་རྩི་བཞིན་ཡོད། དེ་དག་བརྒྱ་ཆར་བགོས་ན་བོད་ནང་བོད་མི་བརྒྱ་ཆ་དགུ་བཅུ་གོ་བདུན་དང་ཕྱེད་ཀ་དང་བཙན་བྱོལ་ནང་བོད་མི་བརྒྱ་ཆ་གཉིས་དང་ཕྱེད་ཀ་ཡོད། དེར་བརྟེན་བོད་ནང་ཡོད་པའི་བོད་མི་ས་ཡ་དྲུག་གིས་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་རེ་བ་བཅོལ་བཞིན་ཡོད། བཙན་བྱོལ་ནང་ཡོད་པའི་བོད་མི་འབུམ་གཅིག་དང་ཕྱེད་ཀའི་ནུས་པ་ཆ་ཚང་འདོན་ཐུབ་པ་བྱེད་རྒྱུར་ཤེས་ཡོན་དགོས་ཀྱི་ཡོད།
རྣམ་པ་ཚོ་སློབ་སྤྱི་དང་འགན་འཛིན་གནང་གི་ཡོད་སྟབས། བྱམས་སྙིང་རྗེ་དགེ་རྒན་དང་ལས་བྱེད་ལ་གནང་རྒྱུ་མ་རེད། བྱམས་སྙིང་རྗེ་སློབ་ཕྲུག་ལ་གཟིགས་དགོས་ཀྱི་རེད་དྲན་གྱི་འདུག དགེ་རྒན་བཟང་བ་ཞིག་གིས་འཐུས་ཤོར་གཏང་བ་ཡིན་ན། སློབ་ཕྲུག་གི་མི་ཚེ་འཐུས་ཤོར་འགྲོ་གི་རེད། ལས་བྱེད་ཞིག་གིས་འཐུས་ཤོར་བཏང་བ་ཡིན་ན། ཕྲུ་གུར་གནོད་ཀྱི་རེད། བྱམས་སྙིང་རྗེ་གཙོ་བོ་སློབ་ཕྲུག་ལ་གཞི་བཞག་ནས་གནང་རོགས་གནང་ཞུ་བཞིན་ཡོད།
སློབ་གྲྭ་འཐུས་ཤོར་ཕྱིན་འདུག་ཟེར་ཡོང་དུས་སྒང་ནས་འཐུས་ཤོར་བཏང་བར་བརྟེན་འཐུས་ཤོར་འགྲོ་གི་ཡོད་རེད་མ་གཏོགས་སྒང་ནས་འཐུས་ཤོར་མ་བཏང་བ་ཡིན་ན། འཐུས་ཤོར་འགྲོ་གི་མེད་པ་འདྲ། དེའི་ཐོག་བགྲོ་གླེང་མང་པོ་བྱུང་བ་རེད། ཤེས་ཡོན་ཡར་རྒྱས་འགྲོ་དང་མ་འགྲོ་མཐུན་རྐྱེན་དང་། ངོས་འཛིན། ཕོགས་བཅས་མིན་པར་སློབ་སྤྱི་དང་དགེ་རྒན་གྱིས་འགན་འཁུར་དང་མ་འཁུར་ལ་རེད་འདུག དེ་རིང་འདིར་རྣམ་པ་ཚོ་ཚང་མ་ཕེབས་ཡོད་སྟབས་ཉིན་གྲངས་གསུམ་རིང་བསམ་ཚུལ་བརྗེ་ལེན་གནང་སྟེ་སློབ་གྲྭ་ཁག་ལ་ལག་བསྟར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོའི་སློབ་གྲྭ་ཁག་གི་ནང་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད། ཅེས་པ་དེ་བོད་ཀྱི་དཔེ་མཛོད་ཁང་བརྒྱུད་སློབ་གྲྭ་ཁག་གི་ནང་ Curriculum ཡོང་གི་ཡོད། གཏན་འབེབས་བྱུང་བ་དང་ང་ཚོའི་སློབ་གྲྭ་ཁག་གི་ནང་བྱུང་ན་འདི་ལོ་དང་། དེ་མིན་ལོ་རྗེས་མར་ངེས་པར་ལག་བསྟར་གནང་དགོས། གང་ཡིན་ཞེ་ན་འཛམ་གླིང་སྤྱི་ཡོངས་ཀྱི་ནང་༧གོང་ས་མཆོག་གིས་ནང་ཆོས་གཞིར་བཞག་པའི་ཐོག་ནས་ཡ་རབས་བཟང་སྤྱོད་དགོས་པའི་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་དད་གུས་བརྩི་བཀུར་བྱེད་མཁན་ས་ཡ་མང་པོ་ཡོད། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་འཕེལ་གཏོང་བའི་ཐོག་ལའང་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཡོད། འབྲུག་དང་མེག་སི་ཁོ། ཨ་རི། ཁ་ན་ཌ་སོགས་ཀྱིས་ལག་བསྟར་བྱ་རྒྱུ་ཡིན་ཟེར་མཁན་ཡོད་རེད་ལ། འགའ་ཤས་ཀྱིས་སློབ་ཚན་འཁྲིད་དེ་ལག་བསྟར་བྱེད་ཀྱི་ཡོད་ཟེར་མཁན་ཡང་ཡོད། དངོས་གནས་བྱས་ན་དང་ཐོག་ང་ཚོས་ལག་བསྟར་བྱེད་དགོས་པ་རེད། ང་ཚོའི་ཕྲུ་གུ་ཚོར་ནང་ཆོས་གཞིར་བཞག་པའི་ཡ་རབས་བཟང་སྤྱོད་ཡོད་ཅེས་འཛམ་གླིང་ལ་ངོམ་རྒྱུ་དེ་དངོས་གནས་བྱས་ན་ང་ཚོའི་སློབ་ཕྲུག་ཚོས་ངོམ་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ང་ཚོས་འདས་པའི་ལོ་བཞི་དང་ཕྱེད་ཀའམ་ལྔའི་རིང་སྐུ་ངོས་གསུངས་པ་ལྟར་ཤེས་ཡོན་ཐོག་ཧ་ཅང་ཤུགས་བརྒྱབ་ཡོད། བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་འདི་གལ་ཆེ་ཤོས་ཡིན་ཞེས་གསུངས་པ་ཙམ་མིན་པར་དོན་དངོས་ཐོག་སྐུ་ངོ་སྲིད་སྐྱོང་མཆོག་ནས་ལམ་སྟོན་གནང་རྒྱུ་དང་དངོས་སུ་ཞུགས་རྒྱུ། ལྷག་པར་ཤེས་ཡོན་ཆེད་དཔལ་འབྱོར་ཐབས་འཚོལ་གནང་རྒྱུ་སོགས་ཀྱི་ཐོག་ཧ་ཅང་ཤུགས་བརྒྱབ་ཡོད།
བར་ལམ་ཤེས་རིག་ལས་ཁུངས་དང་། བོད་ཁྱིམ་གཉིས། སྃ་བྷོ་ཊ། བོད་སློབ་འཛིན་སྐྱོང་ཚོགས་པ་བཅས་ཀྱིས་ཤེས་ཡོན་ཐོག་ཡག་པོ་ཞིག་ཡོང་གི་འདུག་བསམ་པའི་སྤྱི་ཚོགས་ནང་ཚོར་བ་ཞིག་བྱུང་ཡོད། དེ་དག་ཚང་མ་རྒྱུ་མེད་རྐྱེན་མེད་ནས་བྱུང་བ་ཞིག་མིན། དཔལ་འབྱོར་སོགས་མཐུན་རྐྱེན་མང་པོ་ཞིག་གི་ཐོག་འབད་བརྩོན་ཤུགས་ཆེན་པོ་གནང་བ་སོགས་རྒྱུ་རྐྱེན་མང་པོ་ཞིག་བརྟེན་ནས་བྱུང་བ་ཞིག་རེད་བསམས་ཀྱི་འདུག ད་ལྟ་གོང་དུ་སྃམ་བྷོ་ཊའི་སློབ་སྤྱིས་གསུངས་པ་ལྟར། གཅིག་ནས་ང་ཚོ་ཛ་དྲག་ཡིན་པ་དང་གཉིས་ནས་དམིགས་བསལ་ཚོགས་འདུ་ཞིག་ཆགས་ཀྱི་ཡོད།
དེ་རིང་གི་ཉིན་མོར་ཚོགས་འདུ་ཚོགས་དགོས་རྒྱུ་ནི་ཕྱོགས་གཅིག་ནས་ང་ཚོས་གྲུབ་འབྲས་ཆེན་པོ་ཞིག་ལ་སྲུང་བརྩི་ཞུ་རྒྱུ་དང་སེམས་ཚོར་སྐྱེས་དགོས་པའི་ཉིན་མོ་དང་འབྲེལ་བའི་ཚོགས་འདུ་ཞིག་ཆགས་ཡོད། དེ་དང་ཆབས་ཅིག་འགན་ཆེན་པོ་ཞིག་ཀྱང་སླེབས་ཀྱི་ཡོད། དེ་ཡང་དངོས་ཡོད་གནས་ཚཱུལ་ཞིག་རེད། བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་ཐུབ་ན་བསམ་པའི་བསམ་ཚུལ་དང་འཆར་གཞི་འདི་ངོས་རང་ཕྱི་ལོ་ ༡༩༨༣ ལོ་འགོ་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ཡིན་པའི་སྐབས་ནས་ལས་ཀ་འདི་འགྲོ་བཞིན་འདུག བཀའ་ཤག་སྔ་རྗེས་མང་པོས་དགོངས་པ་བཞེས་ནས་འབད་བརྩོན་གནང་བ་མ་ཟད། ལྷག་པར་སྐུ་མདུན་གྱིས་དགོངས་པ་འདི་འདྲ་ཞིག་བྱུང་ན་བསམ་པ་ཞིག་བྱུང་ཡོད། འོན་ཀྱང་ཡུན་རིང་པོའི་རྗེས་ང་ཚོའི་ལག་ཏུ་སོན་རྒྱུ་དེ་ཕྱི་ལོ་ ༢༠༡༣ ནས་རྒྱ་གར་དབུས་གཞུང་གིས་ཐག་ཆོད་གནང་བ་འདིའི་ཐོག་ནས་བྱུང་བ་ཞིག་རེད།
བོད་སློབ་འཛིན་ཚོགས་ཀྱི་འཛིན་སྐྱོང་དེ་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲད་ན་ལས་ཀའི་ཆ་ནས་ལས་འབོར་དང་ལས་རྙོག འགན་ཁུར་བཅས་ཧ་ཅང་ཆེ་རུ་ཕྱིན་ཡོད། ཡང་སྙིང་བསམ་བློ་ག་རེ་བཏང་ནས་འདི་ལྟར་བྱས་པ་རེད་ཅེས་ཞུས་ན། ཕྲུ་གུའི་ཤེས་ཡོན་དང་ལྟ་སྐྱོང་གཉིས་པོ་དེ་ང་ཚོས་འགན་འཁྱེར་ན་ཡག་པ་ཡོང་ས་རེད་བསམས་ཏེ་ལོ་མང་བསམ་བློ་བཏང་ནས་གཏན་འཁེལ་བ་དེའི་ཐོག་འབད་བརྩོན་བྱས་པ་ཞིག་རེད།
ད་རེས་ལག་ཏུ་སོན་ཡོང་དུས་དམིགས་བསལ་ཚོགས་འདུ་ཞིག་ཏན་ཏན་ཆགས་ཀྱི་འདུག དགའ་སྤོབས་སྐྱེས་འོས་པ་ཞིག་ཀྱང་ཆགས་ཀྱི་འདུག ལས་དོན་འདིའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མ་ནས་ཐུགས་ཁུར་ཆེན་པོ་བཞེས་པ་རེད། དེར་བརྟེན་སྐུ་ངོ་མཆོག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ང་ཚོས་རྩིས་ལེན་ན་ཡག་པ་བྱེད་ཐུབ་ཀྱི་རེད་ཅེས་དྲི་བ་ཞིག་བཏང་ན། རྒྱ་གར་གཞུང་གི་འགྲོ་གྲོན་ཆེན་པོ་ཞིག་བོད་པའི་ཕྲུ་གུའི་ཤེས་ཡོན་ཆེད་བཏང་གི་ཡོད། དེ་བལྟ་སར་ཆ་ཚང་སྨིན་པ་ཞིག་དགོས་ཀྱི་ཡོད་པ་དེ་དེ་ལྟར་ཡོང་གི་མི་བསམ་པའི་ཐོག་ནས་འབད་བརྩོན་ཞུས་པ་རེད།
རྒྱ་ནགར་གཞུང་གི་ངོས་ནས་ད་ལྟ་ཡིན་ནའང་སྐུ་དྲིན་ཆེན་པོ་གནང་དང་གནང་བཞིན་པ་རེད། སྔོན་མ་བཀའ་ཤག་སྐབས་གཅིག་ལ་ལོ་བཅུའི་འགྲོ་གྲོན་གྱི་དགོངས་པ་བཞེས་ཐུབ་ན་དེ་ནས་ང་ཚོས་རང་ཁ་རང་གསོ་བྱེད་ཀྱི་ཡིན་ཞེས་པའི་འཆར་གཞི་ཞིག་ཕུལ་ཡོད། བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་མུ་མཐུད་འཆར་གཞི་དེའི་ཐོག་རྒྱ་གར་གཞུང་ནས་ཐེར་འབུམ་བཞི་བཅུ་ཞེ་གསུམ་ཚད་གཞི་བཟོས་ཏེ་ལོ་རེར་བརྒྱ་ཆ་ལྔ་རེར་སྤར་ཆ་གནང་རྒྱུའི་དགོངས་བཞེས་གནང་ཡོད།
ད་ཆ་ང་ཚོར་འགན་ཧ་ཅང་ཆེན་པོ་ཞིག་བསླེབས་ཡོད། ང་ཚོའི་ངོས་ནས་སྔོན་མ་ལས་ལྷག་པ་ཞིག་ཏན་ཏན་གནང་དགོས་ཀྱི་འདུག་བསམ་གྱི་འདུག སྃ་བྷོ་ཊས་བོད་སློབ་འཛིན་སྐྱོང་ཚོགས་པའི་དམའ་རིམ་དགུ་དང་འབྲིང་རིམ་ལྔ་བཅས་སློབ་གྲྭ་ ༡༤ རྩིས་ལེན་ཡོད། སློབ་གྲྭ་དེ་དག་གི་སློབ་སྤྱི་རྣམས་ནས་ཕྲུ་གུའི་ལྟ་སྐྱོང་དང་ཤེས་ཡོན་གྱི་གནས་ཚད་ཐོག་ཡག་པོ་ཆགས་ཡོད་པའི་མང་ཚོགས་ཁྲོད་ར་འཕྲོད་པ་ཞིག་བྱེད་དགོས་ཀྱི་འདུག དེ་ལྟར་ཡོང་བར་སོ་སོ་རང་ཉིད་ཀྱང་གང་ཐུབ་སློབ་གྲྭ་ཁག་གི་ནང་བཅར་འཆར་ཡོད།
ཁ་སང་དྲུང་ཆེས་གཙོས་འགན་འཛིན་པ་དང་ལྷན་ལོ་ཤས་རིང་ག་ཚོད་ཀྱི་འབད་བརྩོན་དང་ཕྱར་གྲུ་མཉམ་འདེགས་ཞུ་དགོས་བྱུང་ན་ཞུས་དགོས་ཀྱི་འདུག ཅེས་བཀའ་མོལ་བྱུང་། ང་ཚོ་ཚང་མ་སེམས་ཚོར་གཅིག་མཚུངས་རེད། ཕྱོགས་གཞན་ཞིག་ནས་བལྟས་ན་ལོ་གསུམ་ཙམ་རིང་སློབ་གྲྭ་རྩིས་ལོན་བྱུང་མ་བྱུང་དབར་སློབ་ཕྲུག་ཚོར་དཀའ་ངལ་ཞིག་ཆགས་ཡོད། དེ་ཚོའི་ཐོག་ང་ཚོས་ཁ་གསབ་གང་འདྲ་བྱེད་དགོས་སམ། ང་ཚོས་འཆར་གཞི་བཟོས་ནས་ཕྲུ་གུ་དེ་ཚོ་སོ་སོའི་འཛིན་གྲྭའི་གནས་ཚད་དང་ལྡན་པ་ཞིག་བཟོ་དགོས་ཀྱི་འདུག གང་ལྟར་ང་ཚོས་ལོ་བཞི་ལྔའི་རིང་སློབ་གྲྭ་རང་གི་ནང་འཛིན་གྲྭའི་ནང་ཕྲུ་གུའི་གནས་ཚད་ཡག་པོ་ཡོང་རྒྱུའི་ཐོག་ཤུགས་རྒྱག་དགོས་ཀྱི་འདུག འདི་ང་ཚོའི་ལས་འགན་གཙོ་བོ་ཞིག་ཆགས་ཀྱི་འདུག་པས་དེ་དགོངས་པར་འཇགས་རོགས་གནང་། ཞེས་སོགས་ཀྱི་གསུང་བཤད་གནང་།
ཐེངས་འདིའི་ཚོགས་འདུའི་ནང་ཤེས་རབ་དགའ་ཚལ་སློབ་གླིང་དང་། མེའོ་སཾ་བྷོ་ཊ་ཉིན་སློབ། བསྟན་འཛིན་སྒང་ཉིན་སློབ། མོན་གྷོ་གཞི་རིམ་འོག་མ་དང་བར་མའི་སློབ་གྲྭ། ཨར་ལི་ཀུ་མཱ་རི་སྃ་བྷོ་ཊ་ཉིན་སློབ། སྤུ་རུ་ལྦ་ལ་ཉིན་སློབ། མ་ཧེན་རྷ་རཱ་གྷཊ་སྃ་བྷོ་ཊ་ཉིན་སློབ། གྷོ་ལ་ཐཱ་ལ་སྃ་བྷོ་ཊ་ཉིན་སློབ།སྤོག་རེ་སྤོང་གཏན་སློབ། ལོ་སྦར་སིངྒ་སྃ་བྷོ་ཊ་ཉིན་སློབ། ཀེ་ལ་ཤི་པུ་རཱ་སྃ་བྷོ་ཊ་ཉིན་སློབ། གྷོ་ཊན་གའུ་སྃ་བྷོ་ཊ་ཉིན་སློབ།སྦོར་ཉིན་སློབ། མན་སྤར་སྃ་བྷོ་ཊ་ཉིན་སློབ། རཱ་ཝང་ལ་སྃ་བྷོ་ཊ་ཉིན་སློབ། ཏེ་ཛུ་སྃ་བྷོ་ཊ་ཉིན་སློབ།བདེ་སྐྱིད་གླིང་ཉིན་སློབ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྤོན་ཊ་གཏན་སློབ་བཅས་ཀྱི་སློབ་སྤྱི་དང་དགེ་ཆེ། ལས་ཚབ་བཅས་མི་གྲངས་ ༢༡ ཙམ་ཚོགས་འདུ་འདིའི་ནང་མཉམ་ཞུགས་གནང་ཡོད།
དེ་རྗེས་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་དང་ལྷན་དཔར་སྒྲོན་ཏེ་ཤེས་རབ་དགའ་འཚལ་སློབ་གླིང་གི་ཚོགས་ཁང་དུ་ཆེད་ཕེབས་ཀྱིས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤདགནང་དོན། ཁྱེད་རང་ཚོ་ཚང་མ་བོད་ནས་ཕེབས་པ་ཡིན་དུས་ཁྱེད་ཚོའི་ཕ་མ་དང་ནང་མི་ངོས་ནས་ཤེས་ཡོན་ཐོག་རེ་བ་ཆེན་པོ་རྒྱག་སྟེ་ཁྱེད་ཚོ་འདིར་བཏང་བ་རེད། དེར་བརྟེན་སློབ་སྦྱོང་ཡག་པོ་བྱེད་རྒྱུ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད། ང་ཚོས་བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་རེ་བ་སྒྲུབ་རྒྱུ་ང་ཚོ་འདིར་ཡོད་པའི་བོད་མི་རྣམས་ལ་རེ་བ་བཅོལ་ནས་བསྡད་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་ཕྲུག་རྣམས་ཀྱིས་དྲི་བར་ལན་འདེབས་རྒྱས་གནང་ཡོད་པ་བཅས།།