༢༠༡༦ ཟླ་ ༧ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༡༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ཚོགས་པས་(Foundation for Universal Responsibility of His Holiness The Dalai lama) གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གྲངས་ ༣༤ དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་དང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཞིབ་ཕྲ་འགྲེལ་བརྗོད་གནང་འདུག
ཕྱོགས་མཚུངས་དེ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཐོག་སློབ་ཕྲུག་དེ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཟིགས་སྐོར་ཕེབས་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་དང་འབྲེལ་མང་གཙོའི་ལམ་སྲོལ་ཐོག་བསྐྱོད་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། མཇུག་ཏུ་སློབ་ཕྲུག་རྣམས་ཀྱིས་དོགས་འདྲི་ཁག་ལ་ལན་འདེབས་གནང་ཡོད།
སྤྱིར་གུ་རུ་ཀུལ་ (Gurukul Programme) ལས་འཆར་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༤ ལོར་འགོ་བཙུགས་གནང་སྟེ་འདི་ལོ་ཐེངས་ ༢༢ ཆགས་ཀྱི་ཡོད་པ་དང་། སློབ་ཕྲུག་ཚོས་རྡ་སར་བོད་པའི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་ཉམས་མྱོང་གསོག་རྒྱུ་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་བཅས་ཤེས་རྟོགས་ཡོང་རྒྱུའི་ཆེད་ཡིན་འདུག །