༢༠༡༦ ཟླ་ ༧ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས། རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་བྷུ་དྷ་བྷ་ཝན་ Buddha Bhawan དུ་ཡོད་པའི་སི་དྷར་ཐ་Siddhartha College of Arts, Science and Commerce མཐོ་སློབ་ཏུ་བོད་ཀྱི་ཉིན་མོ་ཞེས་པའི་ལས་རིམ་ཞིག་གོ་སྒྲིག་གནང་འདུག མཐོ་སློབ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༤༦ ལོར་ཌོག་ཊར་བྷིམ་རའོ་ཨམ་བྷེ་ཊི་ཀར་ Dr.Babasaheb Bhimrao Ambedkar མཆོག་གིས་གསར་འཛུགས་གནང་བ་ཞིག་ཡིན་འདུག
དེ་ཡང་ལས་རིམ་སྐབས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་གནའ་བོའི་དུས་ནས་འཕགས་བོད་གཉིས་དབར་རིག་གཞུང་དང་སྲོལ་རྒྱུན་གྱི་འབྲེལ་ལམ་སྐོར་དང་། ནང་ཆོས་ཀྱི་རིན་ཐང་དང་དེས་ཌོག་ཊར་བྷིམ་རའོ་ཨམ་བྷེ་ཊི་ཀར་ལགས་ཀྱི་སྐུ་ཚེའི་ནང་ཤུགས་རྐྱེན་ཇི་ཐེབས། དེ་བཞིན་ཁོང་གིས་སྤྱི་ཚོགས་ནང་གཉའ་གནོན་མྱོང་མཁན་གྱི་མི་མང་རྣམས་ལ་དབྱེ་འབྱེད་མེད་པར་འདྲ་མཉམ་བཟོ་ཆེད་ཞབས་འདེགས་ཇི་བསྒྲུབས་སྐོར་གསུངས་པ་མ་ཟད། བོད་མི་ཚོས་ནང་པའི་ལྟ་གྲུབ་གཞི་རྩར་བཟུང་ནས་རང་གི་རྒྱལ་ཁབ་ལ་བཙན་འཛུལ་བྱེད་མཁན་རྒྱ་ནག་གཞུང་ལ་གདོང་ལེན་ཇི་ལྟར་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་།
སྐབས་དེར་ཨམྲ་ཝ་ཏི་མཐོ་སློབ་ཀྱི་མ་ར་ཐི་རྩོམ་རིག་མཁས་དབང་སྐུ་ཞབས་ Prof.Sateshwar ལགས་ཀྱིས་ཌོག་ཊར་བྷིམ་རའོ་ཨམ་བྷེ་ཊི་ཀར་ལགས་ཀྱིས་རྒྱ་གར་གྱི་ཆིག་ སྒྲིལ་གོང་མཐོར་ཇི་ལྟར་བཏང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་བོད་དང་འབྲེལ་བ་ཇི་བྱུང་སྐོར་གསུངས། ཕྱོགས་མཚུངས་སྐབས་དེར་ཁོང་གིས་སྤྱིར་དེང་དུས་ཤེས་ཡོན་ཐོག་སྦྱང་བརྩོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཡང་། རང་གི་རིག་གཞུང་སྣང་མེད་དུ་བཏང་ནས་དེང་དུས་ཀྱི་ཤེས་ཡོན་རྐྱང་པས་འདེང་གི་མེད་སྟབས།་གནའ་དེང་ཟུང་འབྲེལ་ཐོག་ནས་འགྲོ་རྒྱུ་གལ་ཆེ་ཡིན་སྐོར་དང་། སྐུ་ཞབས་བྷིམ་རའོ་ཨེམ་བྷེ་དི་ཀར་ཞིང་གཤེགས་མཆོག་གིས་སྤྱི་ཚོགས་ཀྱི་དཀའ་ངལ་ལ་མ་ལྟོས་པར་ནང་པའི་ཆོས་དེ་དར་སྤེལ་ཆེད་སྐུ་ངལ་འཛེམས་མེད་སྐྱོན་པའི་མཛད་རྗེས་དེ་དག་ད་ཆ་ང་ཚོས་མཇུག་སྐྱོང་བྱེད་དགོས་པའི་ལམ་སྟོན་ཡང་གནང་།
དེ་རྗེས་༸གོང་ས་མཆོག་གི་མཛད་རྣམ་དང་ཧིན་བོད་མཛའ་འབྲེལ་ཚོགས་པས་རྒྱ་གར་གྱི་ས་གནས་གང་སར་ལས་དོན་སྤེལ་ཕྱོགས་དང་འབྲེལ་བའི་སྐོར་དངོས་བྱུང་གློག་བརྙན་བསྟན་འདུག ལས་རིམ་གྱི་མཐའ་མར་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ནང་པའི་མཁས་དབང་སློབ་དཔོན་ར་མེཤ་ཅནྡྲ་ནེ་གི་ Prof.Ramesh Chandra Negi ལགས་ཀྱིས་དུས་རབས་ ༢༡ ནང་དུ་ནང་ཆོས་ཀྱི་གལ་གནད་སྐོར་དང་། ཆོས་ལུགས་ཕན་ཚུན་དབར་གུས་བརྩི་ཞུ་རྒྱུ། དེ་བཞིན་༸གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་གཏོང་གནང་མཛད་བཞིན་པའི་ སྐུའི་རླབས་ཆེན་གྱི་མཛད་ཁུར་ངོ་སྤྲོད་དང་སྦྲགས། སློབ་ཕྲུག་རྣམས་ལ་ནང་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ཐོག་བསམ་བློ་བཏང་ནས་བྱམས་ བརྩེ་རྒྱུད་ལ་སྐྱེ་ཐབས་གནང་དགོས་པའི་རེ་སྐུལ་ཤུགས་ཆེ་གནང་འདུག
དེ་ཉིན་མཁས་དབང་རྣམས་དང་སློབ་ཕྲུག་དབར་བགྲོ་གླེང་གི་ལས་རིམ་ཞིག་ཀྱང་གོ་སྒྲིག་གནང་འདུག དེ་ནས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ངོས་ནས་མཐོ་སློབ་དེའི་འཛིན་སྐྱོང་ལ་ལས་རིམ་གོ་སྒྲིག་བྱེད་རྒྱུའི་ཆོག་མཆན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་མཐོ་སློབ་དེའི་སློབ་སྤྱི་ Dr.GVS Rao ལགས་ཀྱིས་ལས་རིམ་འདི་གལ་གནད་ཆེན་པོ་ཡིན་པ་དང་འབྱུང་འགྱུར་འདི་ལྟ་བུའི་ལས་རིམ་གོ་སྒྲིག་ཞུ་རྒྱུའི་རེ་བ་ཡོད་སྐོར་གསུངས་འདུག ལས་རིམ་འདིའི་ཐོག་སློབ་སྤྱི་གཞོན་པ་སྐུ་ཞབས་གེག་ཝར་ཌི་ Dr.Gaekward ལགས་དང་། སློབ་སྤྱི་གཞོན་པ་ལྕམ་ཇོ་ཏི་པ་ལུ་ཀར་Dr.Jyoti Palukar ལགས། སློབ་སྤྱི་གཞོན་པ་ལྕམ་གི་ཐ་ཤེ་ཊི་ Dr.Geetha Shetty ལགས། སྐུ་ཞབས་ནནྡཱ་ཀི་ཤོར་ཅནྡན་ Dr.Nand Kishor Chandan ལགས། སྐུ་ཞབས་ཝི་ནོད་བྷེ་ལེ་ Prof.Vinod Bhele ལགས། སྐུ་ཞབས་པད་མ་ཀར་ཏམ་གཊ་གེ་Dr Padmakar Tamgadge ལགས། སློབ་ཕྲུག་ ༢༠༠ བཅས་མཉམ་ཞུགས་གནང་འདུག