ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་འཛམ་གླིང་མཆིན་པའི་གཉན་ཚད་སྲུང་བརྩི་ཞུ་བའི་ཉིན་མོ་དང་སྟབས་བསྟུན། རྡ་ས་ཁུལ་གྱི་མང་ཚོགས་ལ་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ནད་རྟགས་དང་སྔོན་འགོག་སོགས་ཀྱི་སྐོར་མང་ཚོགས་ལ་གོ་རྟོགས་རྒྱ་ཆེ་སྤེལ་ཡོད།
དེ་ཡང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༠ ནས་བཟུང་ལོ་ལྟར་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་མོ་དེ་བཞིན་རྒྱལ་སྤྱིའི་མཆིན་པའི་གཉན་ཚད་ཀྱི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྡ་ས་དབུས་སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས་དང་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བདེ་གསལ་ལགས་རྣམ་གཉིས་ཀྱིས་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ནད་རྟགས་དང་སྔོན་འགོག་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་འཕྲོད་བསྟེན་ལས་ཁུངས་དང་རྡ་ས་ཀུན་ཕན་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་ནང་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། དབུས་སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས། རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་སྒྲོལ་དཀར་ལགས། མི་མང་བཅས་ལྷན་འཛོམས་ཀྱིས་ཐོག་མར་རྡ་ས་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྨན་པ་རིག་འཛིན་བཟང་མོ་ལགས་ཀྱིས་མཆིན་པའི་གཉན་ཚད་ཀྱི་ནད་གཞིའི་ངོ་བོ་དང་། རྒྱུ། དེ་བཞིན་མཆིན་པ་ནི་དྲོད་ཀྱི་རང་བཞིན་ཡིན་སྟབས་ཁ་ཟས་ཚྭ་སྐྱུར་ཤས་ཆེའི་རིགས་རྒྱུན་དུ་བསྟེན་པ་སྟེ་དཔེར་ན་ཆང་རག་དང་། འོ་མ་གྲང་མོ། ཤིང་ཏོག་མ་སྨིན་པ། ཞོ་མ་ལངས་པ། ཇ་གར་པོ། ཆུ་མངར་མོ་བཅོས་མའི་རིགས། སྔོ་ཚལ་རྙིང་པ། རྗེན་ཚལ། ཤ་རྙིང་དྲི་མ་ཅན་ནམ་བཙོག་པའི་རིགས། བྱ་ཤ་ཕག་ཤ་སོགས་ཚིལ་སྣུམ་རིགས་བསྟེན་དྲགས་པ། མར་དང་སྣུམ་ལ་བརྔོ་བསྲེག་བྱས་པའི་ཁ་ཟས་རིགས། བྱའི་སྒོ་ང༌། ཤ་དང་རྒྱུ་མ། གློ་བ་སྣུམ་བསྲེག་ཅན། སྟར་ཁའི་འབྲས་བུ་སོགས་སྣུམ་ལྡན་རིགས་ཚད་ལས་མང་བ་མཆོད་པ་དང་། དེ་བཞིན་སྤྱོད་ལམ་དུའང་རང་རྒྱུད་ལ་ཞེ་སྡང་དང་ངར་རྒྱལ་དྲག་པོ་སྐྱེད་པ། འཁྲུགས་ལས་རིགས་བྱེད་དྲགས་པ་དཔེར་ན། ལུས་རྩལ་རིགས་རྩེད་དྲགས་པའམ། ཉི་མར་ཤུགས་ལས་བྱེད་དྲགས་པ། ཡང་ན་ལུས་ལ་རྩོལ་བ་མེད་པར་དལ་བར་གནས་དྲགས་པ། དོན་རྐྱེན་གྱིས་མྱ་ངན་སེམས་ངལ་བྱེད་དྲགས་པ། མཚན་མོར་གཉིད་ཉུང་དྲགས་པ་སོགས་ཀྱིས་མཆིན་པར་གནོད་སྐྱོན་དང་དེའི་བསྲུང་སྐྱོབ་ཀྱི་ནུས་པ་ཇེ་ཞན་དུ་བཏང་སྟེ་ནད་འབུ་དེ་འགོད་ཁྱབ་བྱུང་ནས་ནད་འདི་སློང་བར་བྱེད་པ་མ་ཟད། རིམ་པས་འགོས་ཁྱབ་འགྲོ་བའི་ནད་གདུག་པ་ཅན་ཞིག་ཡིན་སྐོར་དང་།
ནད་གཞི་འདིའི་ནད་རྟགས་ནི། ཚ་བ་ཕྲན་བུ་འཕར་བ་དང་། ཞེ་མེར་ལང་པ། དང་ག་ཞན་པ། ཚིགས་གཞི་ན་བ། ཐང་ཆད་པ། མགོ་ན་བ་སོགས་ཡིན་པ་མ་ཟད། སྨན་བཅོས་མ་བྱས་པར་དུས་ཡུན་གང་འཚམས་སོང་རྗེས་ལུས་ཁམས་མི་བདེ་བ་དང་། སྐབས་རེ་རྩིབ་མ་གཡས་སྟེང་གཟེར་བ། རྟག་ཏུ་མགོ་ན་བ། གཅིན་པའི་མདོག་མར་ནག་འདྲ་བའམ་སྨུག་ཤས་ཡོད་པ། དྲི་མ་ངན་ལ་ལྦུ་བར་ཚེག་སྒྲ་ཅན། བཤང་བ་འབབ་དཀའ་བ། བབས་ཀྱང་མདོག་སྐྱ་བའམ་དཀར་བ། རིམ་པས་ལུས་ཀྱི་པགས་མདོག་དང་མིག་སྤྲིན་སེར་པོ་ཆག་པ། ལྗིད་ཚད་ཆག་པ། ཕོ་བ་སྦོས་པ། སྣ་ཁྲག་འབྱུང་བ། ལུས་ལ་ཟ་འཕྲུག་མང་པ། ལུས་སྟོབས་ཞན་པ། བཞིན་མདངས་ཉམས་པ། ཁོག་པ་ཆུ་གསོག་པ་སོགས་འབྱུང་སྐོར། སྔོན་འགོག་ཁབ་བརྒྱག་རྒྱུ་ནི་སྔོན་འགོག་ཡག་ཤོས་གྲས་སུ་བརྩིས་བཞིན་ཡོད་པས་ཚང་མས་དེ་སྔོན་འགོག་ཁབ་ངེས་པར་དུ་བརྒྱག་དགོས་སྐོར། གལ་ཏེ་རང་ཉིད་སྦྲུམ་མ་ཡིན་ན་ནད་འབུ་ཡོད་མེད་ཁྲག་བརྟག་དཔྱད་བྱས་ཏེ་ནད་འབུ་ཡོད་ན་བྱིས་པ་བཙས་ནས་ཆུ་ཚོད་ ༡༢ ནང་ཚུད་ཕྲུ་གུར་ནད་འགོག་སྨན་ཁབ་བརྒྱག་དགོས་པ་དང་། སྨན་ཁབ་དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་ལས་ཁུངས་ནས་རིན་མེད་ཐོག་གནང་མུས་ཡིན་སྐོར། མྱོས་རྫས་བཟི་སྨན་རིགས་བེད་སྤྱོད་མ་བཏང་ན་བཟང་སྐོར་དང་། བཟི་སྨན་རིགས་ངན་ལངས་ཤོར་ཟིན་པ་རྣམས་ནས་ཁབ་དང་ཁབ་ཆས་སོགས་གཞན་དང་མཉམ་སྤྱོད་བྱ་མི་རུང་སྐོར། བོད་ཀྱི་གསོ་བ་རིག་པའི་ངོས་ནས་བཤད་ན་ནད་པ་རང་ཉིད་ཀྱི་རང་བཞིན་དང་ནད་གཞིའི་གནས་སྟངས་སོགས་སྒོ་ཀུན་ལ་གཞིགས་ཏེ་ཟས་སྤྱོད་སྨན་བཅོས་སོགས་གསོ་བཅོས་མི་འདྲ་བ་ཡོད་པས་ནད་པ་རྣམས་བོད་ལུགས་སྨན་པ་བསྟེན་གཏུགས་བྱ་ན་ནད་གཞི་འདི་དང་འབྲེལ་བའི་ནད་རྟགས་ཞི་བ་དང་མཆིན་པའི་བྱེད་ལས་ལེགས་བསྐྱེད་གཏོང་བའི་ཐབས་ཡོད་པ་མ་ཟད། བོད་ཀྱི་སྨན་རྩིས་ཁང་ནས་ཀྱང་མཆིན་ནད་དུག་ཐབས་ནད་པ་རྣམས་ལ་སྨན་རིན་ཕྱེད་བཅག་གནང་བཞིན་ཡོད་སྐོར་དང་། དེ་བཞིན་ནད་གཞི་སྔོན་འགོག་བྱ་ཐབས་དང་ཟས་སྤྱོད་སྤང་བླངས་སོགས་ཀྱི་སྐོར་ཞིབ་ཕྲ་ངོ་སྤྲོད་གསུང་བཤད་གནང་ཡོད།
དེ་རྗེས་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་མཆིན་པའི་གཉན་ཚད་ཀྱི་ནད་གཞི་སྤྱི་ཚོགས་ནང་ཁྱབ་གདལ་ཆེ་ཆུང་གང་འདྲ་ཡིན་པ་དང་། འགོས་ཉེན་ཆེ་ཤོས་ཡོད་པའི་མི་དང་ཡོང་རྐྱེན། ནད་རྟགས་དང་རྗེས་འབྲས། ནད་འབུ་ལྡན་ལ་འཕེལ་ནུས་ཡོད་པའི་མི་རྣམས་ཀྱིས་འཕྲོད་བསྟེན་བྱེད་ཕྱོགས། ནད་འབུ་ལྡན་ཀྱང་འཕེལ་ནུས་མེད་པའི་མི་རྣམས་ཀྱིས་འཕྲོད་བསྟེན་བྱེད་ཕྱོགས། མཆིན་པའི་གཉན་ཚད་ཀྱི་ནད་གཞི་ལས་ཇི་ལྟར་སྲུང་སྐྱོབ་ཐུབ་པ་སོགས་ཀྱི་སྐོར་ཞིབ་རྒྱས་ངོ་སྤྲོད་གསུང་བཤད་གནང་བ་མ་ཟད། དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་སོང་། །