༢༠༡༦ ཟླ་ ༧ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་སིངྒ་པུར་ཁུལ་དུ་པར་རིགས་འགྲེམས་སྟོན་གྱི་ལས་རིམ་དེ་བཞིན་ཁུལ་དེའི་འོད་དཔག་མེད་ཆོས་ཚོགས་ Amitabha Buddhist Center སུ་མཇུག་སྒྲིལ་གནང་འདུག
དེ་ཡང་ཉིན་གྲངས་བརྒྱད་རིང་གི་འགྲེམས་སྟོན་དེ་བཞིན་ཕྱི་ཚེས་ ༦ ཉིན་ Tanjong Katong Complex ཞེས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་དང་། སིངྒ་པུར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ནང་ཆོས་བསྟི་གནས་ཁང་དབུ་བརྙེས་ནས་ལོ་ ༡༠ འཁོར་བའི་དུས་ཆེན་གཉིས་འཛོམས་སྲུང་བརྩིའི་མཛད་སྒོ་དང་བསྟུན་པར་རིགས་འགྲེམས་སྟོན་གནང་ཡོད་པ་དང་། སྐབས་དེར་ཡུལ་དེའི་མང་ཚོགས་རྣམས་དང་བོད་རིགས་བཅས་ཁྱོན་མི་གྲངས་ཆིག་སྟོང་བརྒལ་བ་འདུ་འཛོམས་བྱུང་ཡོད་འདུག
ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཕྱི་ཚེས་ ༧ ནས་ ༨ བར་བོད་ཀྱི་ནང་ཆོས་བསྟི་གནས་ཁང་དུ་པར་རིགས་འགྲེམས་སྟོན་གནང་ཡོད་པ་དང་། ཕྱི་ཚེས་ ༩ ནས་ ༡༠ བར་Poh Ming Tse དགོན་པར་འགྲེམས་སྟོན་གནང་སྐབས་དགོན་དེར་སྨོན་ལམ་ཆེན་མོར་མཉམ་ཞུགས་ཆེད་སིངྒ་ག་པུར་ནང་པ་ ༢༠༠ ཙམ་ཕེབས་ཡོད་འདུག
ཕྱི་ཚེས་ ༡༡ ནས་ ༡༢ བར་བོད་ཀྱི་ནང་ཆོས་བསྟི་གནས་ཁང་དུ་པར་རིགས་འགྲེམས་སྟོན་གནང་སྐབས་རྡ་སར་ཡོད་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་གིས་སྤྱན་རས་གཟིགས་ཀྱི་རྡུལ་ཚོན་དཀྱིལ་འཁོར་བཞེངས་ཡོད་པ་དང་། རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་གིས་སྨན་རྩིས་དང་འབྲེལ་བའི་འགྲེམས་སྟོན་གནང་འདུག། ཕྱི་ཚེས་ ༡༣ ཉིན་འོད་དཔག་མེད་ནང་ཆོས་བསྟི་གནས་ཁང་དུ་པར་རིགས་འགྲེམས་སྟོན་མཇུག་སྒྲིལ་གནང་ཡོད།
ཉིན་གྲངས་བརྒྱད་རིང་སིངྒ་པུར་གྱི་ས་ཚིགས་ཁག་བཞིའི་ནང་༸གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་སྐུ་པར་འགྲེམས་སྟོན་གནང་སྐབས་རྒྱ་རིགས་གཙོས་མང་ཚོགས་ཁྱོན་ ༡༥༠༠ ཙམ་ཕེབས་ཡོད་པ་དང་། ཁོང་རྣམ་པས་འགྲེམས་སྟོན་གོ་སྒྲིག་གནང་མཁན་དང་ཕྱི་དྲིལ་འགྲེམས་སྟོན་ཚན་པར་སིངྒ་པུར་ཁུལ་དུ་འདི་ལྟ་བུའི་འགྲེམས་སྟོན་ཐེངས་དང་པོ་ཚུགས་ཐུབ་པར་བསྔགས་བརྗོད་ཀྱང་གནང་འདུག
གཞན་ཡང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་གྲོང་ཁྱེར་ཧུབ་ལིར་ཕྱི་ཟླ་ ༧ ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་ཁུལ་དེར་རྒྱ་གར་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་དང་། འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་ལམ་འཕེལ་རྒྱས་འགྲོ་ཚུལ་སྐོར་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་པ་བཅས།།