ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པར་སིངྒ་པུར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ནང་ཆོས་བསྟི་གནས་ཁང་ Tibetan Buddhist Centre གིས་ཇི་ལྟར་གདན་ཞུས་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་མཚུངས། ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཁུལ་དེར་༸གོང་ས་མཆོག་གི་མཛད་རྣམ་སྐོར་པར་རིགས་འགྲེམས་སྟོན་གནང་ཡོད།
དེ་ཡང་བོད་ཀྱི་ནང་ཆོས་བསྟི་གནས་ཁང་གིས་གོ་སྒྲིག་འོག་སིངྒ་པུར་དུ་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཚོགས་སྐབས་ས་གནས་ཡུལ་མི་ཆིག་སྟོང་བརྒལ་བ་དང་། དེ་བཞིན་ཁུལ་དེར་སློབ་སྦྱོང་དང་ལས་ཀ་བྱེད་བཞིན་པའི་བོད་རིགས་བཅས་མཉམ་ཞུགས་གནང་ཡོད། གཞན་ཡང་མཛད་སྒོར་སིངྒ་པུར་དུ་ཡོད་པའི་རྒྱ་གར་གི་གཞུང་ཚབ་པ་དང་དེ་སྔའི་སིངྒ་པུར་དུ་ཡོད་པའི་ཧོང་ཀོང་གི་གཞུང་ཚབ་པ་བཅས་ཀྱང་མཉམ་ཞུགས་གནང་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་མགར་ཆེན་རིན་པོ་ཆེ་མཆོག་གིས་འགྲེམས་སྟོན་གཟིགས་ཞིབ་གནང་བ་དང་ལྷན། འགྲེམས་སྟོན་གོ་སྒྲིག་གནང་མཁན་དང་ཕྱི་དྲིལ་འགྲེམས་སྟོན་ཚན་པར་སིངྒ་པུར་ཁུལ་དུ་འདི་ལྟ་བུའི་འགྲེམས་སྟོན་ཐེངས་དང་པོ་ཚུགས་ཐུབ་པར་བསྔགས་བརྗོད་ཀྱང་གནང་འདུག
ཐེངས་འདིའི་པར་རིགས་འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྐོར་པར་རིས་འགྲེམས་སྟོན་གནང་ཡོད་པ་དང་། ༧གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་པར་རིགས་འགྲེམས་སྟོན་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཆུང་དུས་སྐབས་ནས་བཟུང་བོད་དོན་ཆེད་མཛད་འཕྲིན་བསྐྱངས་པ། སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་མཇལ་འཕྲད་མཛད་པ། མགོན་པོ་གང་ཉིད་མཆོག་ལ་རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་པ་ཁག དེ་བཞིན་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་བཅས་ཡོད།
སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་སིངྒ་པུར་དད་ལྡན་མང་ཚོགས་རྣམས་ལ་༸གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་དམིགས་བསལ་གསུང་འཕྲིན་སྩལ་བ་ཞིག་ཀྱང་བསྟན་ཡོད། ཕྱི་ཚེས་ ༩ ནས་ ༡༠ བར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ Poh Ming Tse དགོན་པ་དང་། ཕྱི་ཚེས་ ༡༡ ནས་ ༡༤ བར་བོད་ཀྱི་ནང་ཆོས་བསྟི་གནས་ཁང་དུ་པར་རིགས་འགྲེམས་སྟོན་གནང་རྒྱུ་ཡིན་འདུག
ཕྱོགས་མཚུངས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༡ བར་རྒྱ་གར་པན་ཇབ་མངའ་སྡེའི་གྲོང་ཁྱེར་པ་ཐན་ཀོཊ་ Pathankot ནང་རྟེན་གཞི་བྱས་པའི་ Partap World School ཞེས་པའི་རྒྱ་གར་གྱི་སློབ་གྲྭར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་དང་། འཕགས་བོད་གཉིས་དབར་གནའ་དེང་གི་འབྲེལ་ལམ་འཕེལ་རྒྱས་འགྲོ་ཚུལ་སྐོར་འགྲེམས་སྟོན། དེ་བཞིན་བོད་དོན་དང་འབྲེལ་བའི་གློག་བརྙན་བསྟན་གནང་ཡོད།
དེ་ཡང་སློབ་གྲྭའི་ཚོགས་གཙོ་སྐུ་ཞབས་སུར་ཇིཏ་མ་ཧ་ཇན་ Mr. Surjeet Mahajan ལགས་ཀྱིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་དེ་སྔའི་ཇམ་མུ་ཀ་ཤི་མིར་མངའ་སྡེའི་བློན་ཆེན་མཆོག་གིས་འགྲེམས་སྟོན་གོ་སྒྲིག་ཞུས་པར་བསྔགས་བརྗོད་གནང་འདུག །