༢༠༡༦ ཟླ་ ༧ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༡ ནས་ ༡༢ བར་རྡ་ས་དགེ་ལྡན་ཆོས་གླིང་བཙུན་དགོན་དུ་ཚུགས་པའི་དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་བཞི་པའི་ལས་དོན་ལེགས་གྲུབ་བྱུང་རྗེས། ཁུལ་བཞུགས་སེར་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་བརྒྱད་ཀྱིས་རྒྱུགས་ཞུགས་བཙུན་མ་རྣམས་ཀྱི་གཞུང་ཆེན་འབྲི་རྒྱུགས་ཁག་ལ་ཞིབ་འཇུག་དང་། ས་ཪ་མཐོ་སློབ་དང་བོད་ཀྱི་དཔེ་མཛོད་ཁང་གི་དགེ་ལས་གཉིས་ནས་བརྡ་སྤྲོད་དང་དེང་དུས་ཚན་རིག་སོགས་ཀྱི་འབྲི་རྒྱུགས་ཁག་ལ་ཞིབ་འཇུག་མཐིལ་ཕྱིན་གནང་གྲུབ་པ་དང་བཅས། དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ཚོགས་ཆུང་ནས་གྲུབ་འབྲས་ཕྱོགས་བསྡོམས་ཀྱིས་གསལ་བསྒྲགས་སྤེལ་དོན་ལྟར། ཐེངས་འདིར་ལོ་རིམ་ཁག་བཞི་རུ་བཙུན་མ་ཞལ་གྲངས་ ༤༤ ནས་རྒྱུགས་ཞུགས་གནང་བའི་ཁྲོད་དུ་རྒྱུགས་མ་འཕྲོད་པ་གཅིག་ཀྱང་བྱུང་མེད་པར་མངོན་ཞིང་། ལོ་རིམ་སོ་སོར་ཨང་རིམ་རྩེར་སོན་རྣམ་པའི་མཚན་ཐོ་དང་ཕྱོགས་བསྡོམས་གྲུབ་འབྲས་ཟུར་སྦྱར་ལྟར་ཡིན་འདུག་པས། འདི་ག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་རྒྱུགས་འཕྲོད་བཙུན་མ་སྤྱི་དང་ལྷག་པར་དགེ་བཤེས་མའི་བསླབ་པ་མཐར་སོན་ལོ་རིམ་བཞི་པའི་བཙུན་མ་ ༢༠ རྣམས་ལ་དམིགས་བསལ་དགའ་མགུའི་འཚམས་འདྲི་ཞུ།
དགེ་བཤེས་མའི་ལས་རིམ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་ཐོག འདི་ག་ལས་ཁུངས་ཀྱིས་གཙོ་འགན་འཁུར་ཞིང་། བོད་ཀྱི་བཙུན་མའི་ལས་འཆར་གྱིས་མཉམ་རུབ་འོག་ལག་བསྟར་ཞུས་པ་ཞིག་ཡིན་ཅིང་། དེར་སེར་འབྲས་དགའ་གསུམ་གྱི་དབུ་ལས་རྣམ་པས་དབུས། དངོས་སུ་རྩོད་རྒྱུགས་དང་འབྲི་རྒྱུགས་ཞིབ་འཇུག་གནང་མཁན་དགེ་བཤེས་ལྷ་རམས་པ་རྣམས་དང་། དེ་བཞིན་ས་རཱ་བོད་ཀྱི་མཐོ་སློབ་དང་། བོད་ཀྱི་དཔེ་མཛོད་ཁང་བཅས་ཀྱི་དབུ་ལས་རྣམ་པའི་མཐུན་འགྱུར་བཅས་ལ་བརྟེན་ཏེ་ལས་རིམ་དེ་ཉིད་ཚགས་ཚུད་མཇུག་སྐྱོང་ཐུབ་པ་བྱུང་མོད། རིང་མིན་ཕྱི་ཟླ་ ༡༢ ནང་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་ཚུགས་རྒྱུའི་བཙུན་མའི་འཇང་དགུན་ཆོས་ཐེངས་ཉེར་གཉིས་པའི་ཐོག་བཙུན་མ་ཉི་ཤུ་རྣམས་ཀྱིས་རྟེན་འབྲེལ་དམ་བཅའ་ཆེན་མོ་རེ་བཞག་མཚམས། ལྷ་མིའི་རྣམ་འདྲེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མདུན་ནས་དགེ་བཤེས་མའི་མཚན་གནས་ཀྱི་ཕྱག་ཁྱེར་གསོལ་རས་ཞུ་གཏན་འཁེལ་བ་རྣམས་ནི་སྔར་མ་གྲགས་པའི་བོད་ཀྱི་ལོ་རྒྱུས་གསར་པ་ཞིག་དང་། ༸རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་ཆོས་བྱེད་དགེ་འདུན་པའི་ཁྲོད་དུ་བཙུན་མ་རྣམས་ཀྱི་འཕྲིན་ལས་ཕྱོགས་མཐར་རྒྱས་པའི་རྟེན་འབྲེལ་དང་གོམ་སྟབས་ཤིག་ཀྱང་ཡིན་པ་བཅས། །
དགེ་བཤེས་མ་ཨང་རིམ་རྩེར་སོན་རྣམ་པའི་མཚན་ཐོ་དང་ཕྱོགས་བསྡོམས་གྲུབ་འབྲས།