ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཐེ་ཝན་ནང་མཆོད་འབུལ་སྨོན་ལམ་དང་སྐུ་པར་འགྲེམས་སྟོན། རོལ་དབྱངས་འདུ་འཛོམས། དངོས་བྱུང་གློག་བརྙན་བསྟན་པ་སོགས་ཀྱི་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ཐམ་པར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ཐམ་པར་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོར། ཐེ་ཝན་དུ་གནས་སྡོད་བོད་རིགས་ཀྱིས་གཙོས་བོད་བརྒྱུད་ནང་བསྟན་དང་རྒྱ་ནག་ནང་པའི་ཆོས་ཚོགས་སུམ་ཅུ་སོ་ལྔ་ལྷག་ཙམ་གྱི་སྐུ་ཚབ་དང་ཚོགས་མི་བཅས་ཁྱོན་མི་གྲངས་ ༦༠༠ ཙམ་འདུ་འཛོམས་ཐོག ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་མི་མང་སྤྱི་དང་ལྷག་པར་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་རྣམས་ནས་ད་བར་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་འདུག
སྤྱིར་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཉིན་ནས་བདུན་ཕྲག་གཅིག་ཙམ་རིང་ཐེ་པེ་གློག་བརྙན་ཁང་དུ་༸གོང་ས་མཆོག་གི་མཛད་རྣམ་དང་འབྲེལ་བའི་སྐུ་པར་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། འགྲེམས་སྟོན་ནང་སྔ་ལོར་འདས་གྲོངས་སུ་གྱུར་བའི་སྐུ་ཞབས་ Mr. Zheng Luzhong ལགས་ཀྱིས་པར་ལེན་བྱས་པའི་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་དགོན་སྡེ་ཁག་གི་པར་རིས་ལྔ་བཅུ་བརྒལ་བ་འགྲེམས་སྟོན་གནང་ཡོད་པ་མ་ཟད། འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་མཇུག་སྒྲིལ་སྐབས་༸གོང་ས་མཆོག་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་ཀྱང་བསྟན་འདུག
ཕྱོགས་མཚུངས་ཐེ་ཝན་རྒྱལ་ས་ཐེ་པེའི་ནང་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་གོ་སྒྲིག་འོག་ཁྱོན་མི་གྲངས་ ༡༠༠༠ བརྒལ་བ་འདུ་འཛོམས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཐེ་ཝན་ནང་ཡོད་པའི་ Dr. Sun Yat-sen དྲན་རྟེན་ཚོགས་ཁང་ཆེན་མོའི་ནང་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཆེད་སྨོན་ལམ་གསུང་འདོན་གནང་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༩ ཉིན་གྲོང་ཁྱེར་ཀའོ་ཤོང་ Kaoshiung ནང་སྨོན་ལམ་གསུང་འདོན་གནང་རྒྱུ་ཡིན་འདུག་པ་བཅས།།