༢༠༡༦ ཟླ་ ༧ ཚེས་ ༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢ རེས་གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་ཉི་ཧོང་རྒྱལ་ས་ཊོཀ་ཁྱོའི་ནང་རྟེན་གཞི་བྱས་པའི་ཨོ་ཀུ་ར་ Hotel Okura གསོལ་མགྲོན་ཁང་དུ་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་པ་དང་སྦྲགས་དགའ་སྟོན་གྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་སྐུའི་འཁྲུངས་སྐར་དུས་ཆེན་གྱི་འདུ་འཛོམས་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། ཉི་ཧོང་གི་གནད་ཡོད་མི་སྣ། ཉི་ཧོང་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ། བོད་རིགས་བཅས་ཚང་འཛོམས་ཐོག སྐུ་མགྲོན་གཙོ་བོ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས། དེར་འདུས་བོད་མི་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཕྱིར་ཞབས་རིམ་གསོལ་འདེབས་གསུང་འདོན་གནང་།
དེ་རྗེས་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་སྦྲགས། བོད་མིའི་ལོ་རྒྱུས་ཁྲོད་ཆེ་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་༸གོང་ས་མཆོག་ལྟ་བུ་འཛམ་གླིང་ཡོངས་ལ་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་སྤེལ་གཏོང་ཆེད་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་ཐབས་མཛད་མཁན་རླབས་ཆེན་གྱི་དབུ་ཁྲིད་ཅིག་དགོས་གལ་ཆེན་པོ་ཆགས་ཡོད་སྐོར་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་ཕྱག་རྟགས་ཡག་ཤོས་ནི་ཉིན་ཞག་ཕྲུགས་གཅིག་ནང་བྱམས་བརྩེ་་ཉམས་ལེན་གནང་རྒྱུ་དེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་སྐོར་གསུང་བཤད་གནང་བ་ཆབས་ཅིག ཉི་ཧོང་གཞུང་མང་གཉིས་ནས་ད་བར་༸གོང་ས་མཆོག་ལ་གུས་བཀུར་དང་དགའ་ཞེན། དེ་བཞིན་བོད་མིར་རྒྱབ་སྐྱོར་གནང་བ་དེ་ནི་ང་ཚོ་བོད་མི་རྣམས་ཀྱི་སྙིང་སྟོབས་ཀྱི་གཞི་རྟེན་ལྟ་བུ་ཆགས་ཡོད་སྐོར་སོགས་གསུངས་པ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་ཡོད། དེ་ནས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་དང་འགྲོ་བ་མིའི་ཐོབ་ཐང་དགེ་རྩ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mr. Makino Seishu ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད།
ཐེངས་འདིའི་༸སྐུའི་འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོར་སྐུ་མགྲོན་རྣམ་པས་བོད་པའི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣར་གཟིགས་ཤིང་རོ་བཅུད་ལྡན་པའི་ཟས་རིགས་སྣ་མང་ལ་རོལ་ཏེ་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་ལེགས་གྲུབ་བྱུང་ཡོད།
ཕྱོགས་མཚུངས་གོང་ཚེས་ཉིན་གྱི་སྔ་དྲོ་ནང་སྲིད་བཀའ་བློན་མཆོག་གིས་ཊོག་ཡོའི་ནང་རྟེ་ན་གཞི་བྱས་པའི་གོ་ཀོ་ཀུ་ཇི་དགོན་པའི་ Keisho Den ཞེས་པའི་ཚོགས་ཁང་ནང་། བོད་ནས་གསར་དུ་འབྱོར་བའི་བོད་མི་རྣམས་དང་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། བོད་མི་རྣམས་ལ་ཆིག་སྒྲིལ་ངང་གནས་དགོས་པ་མ་ཟད། བོད་མི་རྣམས་ནས་བོད་པའི་ངོ་ཚབ་མཚོན་ཐུབ་པ་བྱེད་དགོས་པ་སྤྱི་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོ་ཚབ་མཚོན་ཐུབ་པ་བྱེད་དགོས་པ། བོད་མི་རྣམས་ཀྱིས་བོད་ཀྱི་རྩ་དོན་མ་བརྗེད་པ་བྱེད་གལ་ཡིན་སྐོར་སོགས་༸གོང་ས་མཆོག་གིས་ཕྱི་ལོ་དགུ་བཅུའི་ནང་ཨ་རིར་གཞིས་སྤོ་བྱེད་མཁན་བོད་མི་རྣམས་ལ་སྩལ་བའི་བཀའ་སློབ་ལུང་འདྲེན་གནང་ཡོད།
ཕྱི་ཚེས་ ༡ ཉིན་ནང་སྲིད་བཀའ་བློན་མཆོག་གིས་ཉི་ཧོང་གི་རང་དབང་མང་གཙོ་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ Watanabe Miki ལགས་དང་ལྷན་མཇལ་འཕྲད་དང་གླེང་མོལ་གནང་ཡོད། དེ་ཉིན་ཕྱེད་ཡོལ་ཉི་ཧོང་གི་ Seifu High School ཞེས་པའི་སློབ་གྲྭའི་གཙོ་འཛིན་སྐུ་ཞབས་ Mr. Hiraoka Hidenobu ལགས་དང་ལྷན་མཇལ་འཕྲད་གནང་ཡོད་པ་མ་ཟད། སློབ་གྲྭ་དེའི་སློབ་ཕྲུག་ཚོར་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་གསུང་བཤད་གནང་ཡོད། །