༢༠༡༦ ཟླ་ ༧ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༦ ཉིན་ཏཱ་ལའི་བླ་མའི་དྲ་རྒྱའི་སྟེང་འཁོད་དོན་ལྟར་ན། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྐབས་འཛམ་གླིང་ཕྱོགས་མཐའ་ཀུན་ནས་མགོན་པོ་གང་ཉིད་མཆོག་ལ་དགའ་དད་སྤྲོ་གསུམ་སྒོ་ནས་འཚམས་འདྲི་ཞུ་མཁན་སྐྱེ་བོ་མཆོག་དམན་ཀུན་ལ་ཐུགས་བརྩེ་ཆེན་པོས་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་ཞིག་བཀའ་ལན་དུ་སྩལ་འདུག་པ་དེའི་ནང་འཁོད་དོན།
བརྩེ་ལྡན་སྤུན་ཟླ་ཕོ་མོ་ཡོངས་ལ། ས་ཕྱོགས་གང་ས་ནས་ངོས་རང་ན་ཚོད་ལོ་ ༨༡ ལོན་པའི་སྐྱེས་ཚེས་ལ་འཚམས་འདྲི་དང་། ཤིས་སྨོན་མང་པོ་འབྱོར་བྱུང་བས་དགའ་སྤྲོ་ངང་ཚང་མར་ཐུགས་རྗེ་ཆེ་ཞུ། ངོས་ནས་ཚང་མར་རེ་རེ་ནས་ལན་བྲིས་ཁོམ་མ་བྱུང་བར་དགོངས་སེལ་དང་འདིར་ཆབས་ཅིག་ཏུ་ཚང་མར་ལན་མདོར་བསྡུས་ཤིག་འབྲི་འདུན་བྱུང་།
གལ་ཏེ་ཁྱོད་རྣམས་ཀྱི་ཤིས་སྨོན་དེ་དག་རང་རང་གི་སེམས་རྒྱུད་ཀྱི་བྱམས་བརྩེའི་ངོ་བོར་བསྒྱུར་ཏེ། ལྷག་བསམ་བཟང་པོས་ཕན་ཚུན་བརྩེ་གདུང་གིས་གཞན་གྱི་བདེ་དོན་ལ་ཐུགས་སྣང་ཆེར་བསྐྱེད་ཀྱིས་མདོ་དོན་གཞན་ལ་ཕན་ཐོགས་གང་ནུས་བྱ་རྒྱུ་དང་། ཅི་སྟེ་ཕན་ཐོགས་མ་ནུས་ཀྱང་འཚེ་བ་སྤང་ཐུབ་པ་བྱུང་ན་ངོས་རང་ཡིད་སྤྲོ་དེ་ལས་ཆེ་བ་ཡོང་ངེས།
ཉེ་ཆར་བདུན་ཕྲག་གསུམ་རིང་ཨ་རིའི་ཁུལ་དུ་བསྐྱོད་རྗེས་ཚུར་ལམ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་བདུན་གཅིག་བསྡད་དེ་འདི་ཟླ་ ༧ ཚེས་ ༨ ཉིན་རྡ་སར་ཕྱིར་འཁོར་ཟིན། རྒྱུན་དུ་རིགས་རུས་སྐད་ཡིག་དང་འཚོ་འདུན་འདྲ་མིན་སྣ་ཚོགས་པའི་སྐྱེ་བོ་ཚང་མས་ངོས་ལ་བརྩེ་གདུང་དང་མཆེད་གྲོགས་ཀྱི་འདུ་ཤེས་སྟོན་པ་འདིས་ཡིད་འགུལ་ཤུགས་ཆེ་ཐེབས་ཀྱི་འདུག སྐྱབས་སྨོན་བཟང་པོ་བཅས་ཏཱ་ལའི་བླ་མས། ཞེས་འཁོད་ཡོད་པ་བཅས།།