༢༠༡༦ ཟླ་ ༧ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །དེ་རིང་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ས་སྟེང་ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་ཁ་བ་ཅན་གྱི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་པ། བོད་མིའི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུ་གྱ་གཅིག་ལ་ཕེབས་པའི་ྋསྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར། གུས་ནས་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྷ་ཕྱག་གྲངས་མེད་དང་བཅས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ནི་བོད་མིའི་ངོ་བོ་དང༌། ཆོལ་གསུམ་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན། ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་ྋརྒྱལ་མཆོག་སྐུ་ཕྲེང་རིམ་པས་བོད་ཀྱི་དཔལ་ཡོན་དང་མངའ་ཐང་རྒྱས་ཕྱིར་རླབས་ཆེན་མཛད་འཕྲིན་བསྐྱངས། ྋརྒྱལ་མཆོག་སྐུ་ཕྲེང་ན་རིམ་རྣམས་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་དང་ས་མཚམས་ཁག་ཏུ་སྐུ་འཁྲུངས་ཏེ། བོད་མི་ཡོངས་རྫོགས་ཆིག་སྒྲིལ་ཡོང་ཐབས་ཀྱི་མཛད་འཕྲིན་མཐའ་ཡས་པ་བསྐྱངས་ཡོད། དེ་ཡང་ྋརྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་ནས་བཟུང་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་མཛད་སྐབས་ཆབ་སྲིད་སྲ་བརྟན་དང༌། རིས་མེད་རྒྱལ་བསྟན་དར་རྒྱས། བོད་འབངས་རྣམས་རང་དབང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བཅས་བྱུང་ཡོད།
ལྷག་པར་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། བོད་མིའི་ཆབ་སྲིད་ཀྱི་གནས་བབ་གཉན་འཕྲང་ཆེ་བའི་དུས་སྐབས་སུ་བོད་མིའི་མགོན་སྐྱབས་དཔུང་གཉེན་དམ་པར་བོད་རབ་བྱུང་ ༡༦ པའི་ཤིང་ཕག་ལོའི་བོད་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་ཨ་མདོ་སྐུ་འབུམ་བྱམས་པ་གླིང་གི་ཉེ་འདབས་སྟག་འཚེར་གྲོང་ཚོར་ཡབ་ཆོས་སྐྱོང་ཚེ་རིང་དང༌། ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་སྲས་སུ་སྐུ་བལྟམས་པ་དང་། དགུང་ལོ་ལྔར་ཕེབས་སྐབས་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་མངའ་
གསོལ་ཞུས། དགུང་ལོ་ ༡༦ ལ་ཕེབས་པ་སྐུ་ན་ཕྲ་བའི་སྐབས་ཉིད་ནས་བོད་འབངས་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཐབས་སུ་ལྷ་མི་ཡོངས་ཀྱིས་གསོལ་བ་བཏབ་པ་ལྟར་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་གནང་མཛད་དེ། བོད་ས་བཙན་བཟུང་བྱེད་མཁན་རྒྱ་དམར་ལ་ཐབས་མཁས་ཐུགས་རྗེའི་སྒོ་ནས་འབྲེལ་ལམ་དང་བོད་རྒྱ་མི་རིགས་གཉིས་འཆམ་མཐུན་མཉམ་གནས་ཡོང་ཐབས་གནང་སྟེ། བོད་འབངས་རྣམས་ཛ་དྲག་གི་འཇིགས་པ་ལས་བསྐྱབས། བོད་ཀྱི་སྤྱི་ཚོགས་དེང་རབས་ཅན་དུ་བཅོས་བསྒྱུར་མཛད་རྒྱུའི་སླད་ཕྱི་ལོ་ ༡༩༥༤ ལོར་ལེགས་བཅོས་ལས་ཁུངས་གསར་དུ་བཙུགས་ཏེ་མི་སེར་ཉམ་ཐག་གི་བདེ་དོན་སོགས་ལ་སྨན་པའི་ལས་དོན་ཇི་སྙེད་ཅིག་ཕྱག་བསྟར་མཛད་པ་རྣམས་རྒྱལ་ཁབ་ཀྱི་མཐའ་དབུས་ཀུན་ལ་ཁྱབ།
དེ་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་དྲག་གནོན་བྱས་སྟེ་བོད་ཁྱོན་ཡོངས་བཙན་བཟུང་བྱས་པར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་དགོས་བྱུང་ཞིང༌། གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་ཕེབས་འབྱོར་སྐབས་ཆོལ་ཁ་གསུམ་གྱི་མི་མང་ཡོངས་ལ་བོད་གཞུང་དགའ་ལྡན་ཕོ་བྲང་གནས་སྐབས་ས་གནས་དེར་གནས་སྤོས་གསར་འཛུགས་བསྐྱངས་པའི་ཁྱབ་བསྒྲགས་མཛད། ཕྱི་ལོ་ ༡༩༦༠ ཟླ་བ་ལྔ་པའི་ནང་བཙན་བྱོལ་བོད་གཞུང་མ་སུ་རི་ནས་དྷ་རམ་ས་ལར་གནས་སྤོས་ཀྱིས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལས་དོན་བསྒྲུབ་ཕྱིར་བཀའ་བློན་རྣམ་པ་བསྐོ་གཞག་དང་འབྲེལ་ལས་ཁུངས་ཁག་ཅིག་ཆེད་བཙུགས་མཛད། ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་མ་སུ་རི་དང༌། ཡང་ཕྱི་ལོ་ ༡༩༦༠ ཟླ་ ༧ ཚེས་ ༡ ཉིན་ཌ་ལ་ཧོ་སི་ཁུལ་དུ་བོད་མི་རྣམས་ལ་ང་དབུས་གཙང༌། ང་ཁམས་པ། ང་ཨ་མདོ་ཞེས་ཆོལ་ཁའི་འཐེན་ཁྱེར་བྱས་ན་ནོར་འཁྲུལ་དང་ཉེན་ཁ་ཆེ་བས། བོད་མི་རྣམས་མཐུན་བསྒྲིལ་རྡོག་རྩ་ཆིག་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་གནས་དགོས་པའི་བཀའ་སློབ་རླབས་ཆེན་སྩལ་བ་མ་ཟད། དེང་དུས་མང་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པ་སོགས་ཐུགས་བརྩེ་བ་ཆེན་པོས་དབུ་ཁྲིད་ལམ་སྟོན་གནང་ཡོད། ལོ་དེའི་ནང་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག་གི་འགོ་ཁྲིད། སྲི་ཞུའི་ལས་བྱེད་བཅས་གནས་མཆོག་རྡོ་རྗེ་གདན་དུ་འདུ་འཛོམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བློས་གཏད་ཡིད་ཆེས་ཡོད་པ་དང༌། བོད་ཀྱི་རྩ་དོན་བསྒྲུབ་རྒྱུར་ཆོལ་ཁ་ཆོས་བརྒྱུད་དང་བཅས་པ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུའི་མནའ་གན་མཐུ་བོ་ཆེ་ཕུལ་ཡོད།
བོད་མི་ནང་ཁུལ་མཐུན་ལམ་དམ་ཚིག་གཙང་མ་དང་ཆིག་སྒྲིལ་གྱི་གཞི་རྩ་བརྟན་པོ་ཡོང་ཐབས་སུ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག་གི་འཐུས་མི་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་མཛད་ཅིང༌། སྤྱི་འཐུས་རྣམ་པ་འོས་འདེམས་བྱུང་བ་ནས་བཟུང་མང་གཙོའི་ལམ་ལུགས་ལྡན་ཞིང་ཆོལ་གསུམ་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་ཐུབ་པ་བྱ་རྒྱུ་ནི་མགོན་པོ་མཆོག་གི་དགོངས་གཞི་ཡིན། དེ་བཞིན་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་རྒྱུར་དགོངས་ཏེ་ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་མཛད།
བོད་ཀྱི་རྩ་དོན་སྒྲུབ་མཁན་སྤྱི་སེམས་ལྡན་པའི་འགོ་ཁྲིད་སྐྱེད་སྲིང་ཡོང་ཐབས་སུ་ཆོལ་ཁ་གསུམ་གྱི་ན་གཞོན་བུ་ཕྲུག་རྣམས་ཀྱི་ཆེད་དུ་སློབ་གྲྭ་ཟུར་འཛུགས་དང༌། དེ་མཚུངས་ཆོལ་ཁ་དང་ཆོས་བརྒྱུད་གང་གི་ཁོངས་སུ་གཏོགས་མིན་དབྱེ་འབྱེད་མེད་པར་བོད་མི་རྣམས་མཉམ་གནས་བྱ་ཡུལ་གཞིས་ཆགས་ཁག་གསར་འཛུགས་མཛད། ཆོས་བྱེད་དགེ་འདུན་དང་བཙུན་མ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། དེང་དུས་ཀྱི་ཤེས་ཡོན་སློབ་གཉེར་གནང་ཡུལ་དགོན་སྡེ་གྲྭ་ཚང་གསར་འཛུགས་ཀྱིས་ཆོས་བརྒྱུད་ནང་ཁུལ་མཐུན་བསྒྲིལ་ཡོང་བའི་དགོངས་བཞེད་མཛད་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་སྲི་ཞུ་བ་རྣམས་ལ་ཆོལ་ཁ་གསུམ་ཆིག་སྒྲིལ་དང༌། ཆོས་བརྒྱུད་ཁག་མཐུན་བསྒྲིལ་འབྱུང་ཐབས་འབད་བརྩོན་གནང་རྒྱུའི་འགན་འཁུར་ཆེན་པོ་ཡོད་པ་ད་རེས་ཀྱང་ནན་ཏན་གྱི་དྲན་སྐུལ་ཞུ་རྒྱུ་ཡིན།
ཆོལ་གསུམ་མི་མང་གི་བློ་གཏད་བཅོལ་ཡུལ་བོད་མིའི་སྒྲིག་འཛུགས་ཁྲིམས་མཐུན་སྲ་བརྟན་དང་ཁྲིམས་ཀྱི་དབང་བསྒྱུར་འབྱུང་ཐབས་སུ་ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གསར་བཟོ་གཏན་འབེབས་མཛད། མགོན་པོ་མཆོག་གི་དགོངས་བཞེད་ལྟར་ཕྱི་ལོ་ ༢༠༠༡ ལོར་ཆོལ་གསུམ་བོད་མི་ཡོངས་ཀྱིས་བཀའ་བློན་ཁྲི་པ་ཐད་ཀར་འོས་བསྡུའི་ལམ་ནས་བདམས། ལྷག་པར་ཕྱི་ལོ་ ༢༠༡༡ ལོར་ཆོལ་ཁ་གསུམ་གྱི་མི་མང་ནང་ཁུལ་མཐུན་ལམ་ལེགས་པོ་ཡོད་པ་དང༌། ཆབ་སྲིད་ཀྱི་གནས་ཚད་ཀྱང་གོང་མཐོར་སོན་ཡོད་པ་བཅས་ལ་དགོངས་ཏེ་མགོན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་ཆོལ་གསུམ་མི་མང་གིས་བདམས་པའི་སྲིད་སྐྱོང་དང་མང་གཙོའི་ཀ་བ་གསུམ་ལ་རྩིས་སྤྲོད་མཛད་པ་སོགས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཛད་རྗེས་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཡོད། ཁྱད་པར་མགོན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ ནས་བཟུང་ཆོལ་གསུམ་མི་མང་ཡོངས་ལ་ཆིག་སྒྲིལ་གྱི་ལག་གདང་མ་ཞིག་པའི་སྒོ་ནས་བོད་ཀྱི་རྩ་དོན་བསྒྲུབ་རྒྱུར་འབད་བརྩོན་གནང་དགོས་པའི་བཀའ་སློབ་རིམ་སྩལ་མཛད་པའི་བཀའ་དྲིན་ལ་བརྟེན་ནས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཆོལ་གསུམ་བོད་མིའི་ཆིག་སྒྲིལ་གྱི་ནུས་སྟོབས་དེ་སྔ་རང་ཡུལ་རང་དབང་ཡོད་པའི་གནས་སྐབས་ལས་ལྷག་གོང་མཐོར་སྤེལ་ཐུབ་པ་བྱུང་བ་དང་། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་བར་དུ་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་མེད་པར་གནས་ཡོད། འོན་ཀྱང་ཚང་མས་མཁྱེན་གསལ་ལྟར་དངོས་གཞིའི་འོས་བསྡུའི་སྐབས་བཙན་བྱོལ་བོད་མིའི་གནས་ཡུལ་ཕྱི་རྒྱལ་ཡུལ་གྲུ་ཁག་དང༌། གཞིས་སྒར། སློབ་གྲྭ དགོན་སྡེ་བཅས་སུ་ཆོལ་ཁའི་འཐེན་འཁྱེར་གྱི་རླུང་འཚུབ་བྱུང་བ་དེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དམ་སད་རྐྱེན་བྱུང་ཡོད།
ཉེ་སྔོན་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་ཞུས་པའི་མཛད་སྒོའི་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་ཕེབས་སྙིང་དུ་ “འཕྲལ་སེལ་དགོས་པ་ཆུང་ངུ་ཞིག་ལ་དམིགས་ནས་ཆོས་ལུགས་འཐེན་འཁྱེར་ལྟ་བུ་དང༌། ལུང་ཚན་གྱི་འཐེན་འཁྱེར་ལྟ་བུ་བྱས་ན་ཡག་པོ་རྩ་བ་ནས་མེད། ང་ཚོ་ཆོལ་ཁ་གསུམ་པོ་འདི་སྐྱིད་ན་སྐྱིད་གཅིག་དང༌། སྡུག་ན་སྡུག་གཅིག་བྱས་ནས་ང་ཚོ་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཡིན་མ་གཏོགས། ཆོལ་ཁའི་དབྱེ་བ་ཕྱེས་ནས་དེ་འདྲ་ནམ་ཡང་མི་ཡོང་བ་ཞིག་བྱེད་དགོས་པ་ཁྱེད་རང་ཚོ་ཚང་མས་སེམས་ནང་ཞོག་དགོས། འགོ་འཁྲིད་མཁན་ཚོས་འདི་སེམས་ནང་ཞོག་དགོས། ལས་ཀ་བྱེད་མཁན་ཚོས་ཀྱང་འདི་སེམས་ནང་ཞོག་དགོས། མི་མང་ཚོས་ཀྱང་འདི་སེམས་ནང་ཞོག་དགོས། “ཞེས་དང༌། ཡང་”ཆོས་བརྒྱུད་དང་ཆོལ་ཁའི་འཐེན་འཁྱེར་སོགས་ནམ་ཡང་མ་བྱེད་ལ། གལ་ཏེ་ང་ལ་གྲོགས་པོའི་འདུ་ཤེས་ཕྲན་བུ་ཞིག་ཡོད་ན་དེ་ཁ་ལ་ཉན་དགོས། “ཞེས་སེམས་འགུལ་ཐེབས་དགོས་པའི་བཀའ་སློབ་ནན་པོ་ཕེབས་ཡོད། དེ་མཚུངས་ཉེ་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རི་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་སྩལ་སྐབས་ “བར་སྐབས་ང་ཚོས་འོས་བསྡུའི་ལས་རིམ་སྐབས་ཨ་རི་དང་རྒྱ་གར་གྱི་ཆབ་སྲིད་པ་ཚོའི་ལས་ཟློས་ཕྲན་བུ་བྱས་ཡོད། ཁ་ཐུག་དེར་ཐལ་འཚུབ་ཕྲན་བུ་ལངས་སོང་ཡང༌། ད་ཆ་ཐལ་འཚུབ་ཚང་མ་འཇགས་བསྡད་ཡོད། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཡིན། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། ངོས་རང་ཆ་བཞག་ན་ཁ་སང་སྨན་བཅོས་ལ་ཕྱིན་རྗེས་སྨན་པས་གཟུགས་པོའི་མ་རྩ་ཧ་ཅང་ཡག་པོ་འདུག་ཟེར་བྱུང༌། སྨན་བཅོས་བྱེད་རྒྱུ་ལས་སླ་པོ་བྱུང༌། ངོས་རང་བདེ་ཐག་ཆོད་ཡོད་”ཅེས་དང་། “ཆོལ་གསུམ་མཐུན་བསྒྲིལ་ནི་མེད་དུ་མི་རུང་བ་ཡིན་པས་མཐུན་བསྒྲིལ་བྱེད་དགོས།” ཞེས་བཀའ་སློབ་གཟབ་ནན་སྩལ་ཡོད།
རྒྱ་གར་གྱི་མེས་པོ་དམ་པ་གྷན་རྡི་མཆོག་གིས་མི་ཚེའི་ནང་ལས་བཟང་ངན་གང་འདྲ་ཞིག་བྱེད་རུང་དེའི་བརྒྱུད་རིམ་ནང་གང་བསམ་པ་བཤད་པ་དང༌། གང་བཤད་པ་ལག་བསྟར་བྱེད་པ། གང་ལག་བསྟར་བྱེད་པ་གོམས་གཤིས་སུ་འགྱུར་བ། མཐར་གོམས་གཤིས་དེ་མི་ཚེའི་སྙིང་པོར་འགྱུར་བ་ཞེས་གསུངས་པ་བཞིན། བར་སྐབས་རང་ཅག་ཆོལ་གསུམ་བོད་མི་རྣམས་ཀྱིས་ཆོལ་ཁའི་འཐེན་འཁྱེར་བསམ་པ་དང༌། བཤད་པ། ལག་ལེན་དུ་བསྟར་བ་བྱུང་ཡོད། ད་ཆ་རང་ཅག་རྣམས་ནས་ནོར་འཁྲུལ་གྱི་བྱ་སྤྱོད་འདི་དག་སྒོ་ཀུན་ནས་དོར་ཏེ་བོད་མིའི་རྩ་དོན་འཐོར་བཤིག་ཏུ་མི་འགྲོ་བའི་བྱ་བ་བསྒྲུབ་རྒྱུའི་ལས་འགན་ཡོད་པར་བརྟེན། ད་ནས་བཟུང་ཆོལ་ཁའི་འཐེན་འཁྱེར་སྐོར་བསམ་པ་དང་། བཤད་པ། བྱེད་པ་སོགས་མཐའ་གཅིག་ཏུ་མཚམས་འཇོག་གནང་དགོས། དེ་རིང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་བའི་ཉིན་མོར་བཀའ་ཤག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་འགྱུར་གཞིའི་རིགས་གཏན་ནས་མི་ཡོང་བ་དང༌། རང་ཅག་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གནས་ཐབས་སུ་འབད་བརྩོན་བྱ་རྒྱུ་ཡིན་པར་མ་ཟད། མང་ཚོགས་ནས་ཀྱང་ཆིག་སྒྲིལ་གྱི་གོང་བུའི་ནུས་སྟོབས་དང་བོད་མིའི་སྤྱི་མཐུན་བསོད་ནམས་གོང་ནས་གོང་དུ་འཕེལ་ཆེད་འགན་འཁུར་ཆེ་བཞེས་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།
བོད་མིའི་འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཡིད་ཆེས་བློ་གཏད་ཞུ་མཁན་བོད་ནང་གི་ཆོལ་གསུམ་མི་མང་རྣམས་ནི་རྒྱའི་བཙན་དབང་དྲག་གནོན་འོག་ཉིན་མཚན་མ་འཁྱོལ་པའི་འཇིགས་སྣང་དང་དངངས་སྐྲག་ངང་གནས་ཡོད་ན་ཡང་། ཆོལ་ཁ་གསུམ་གྱི་ཁུལ་ནས་ཆབ་སྲིད་བཙོན་པ་རྣམས་དང༌། རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་གྲངས་ ༡༤༤ བྱུང་བ་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་ངང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་གདན་འདྲེན་ཞུ་དགོས་པའི་མངོན་འདོད་གསལ་སྟོན་བྱས་པ་དང༌། ཉེན་ཁར་མ་འཛེམས་པར་བོད་ནང་གི་དགོན་སྡེ་དང༌། སློབ་གྲྭ ཞིང་འབྲོག་ས་ཁུལ་ཡོངས་སུ་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བ་དང་ྋསྐུ་ཕྱྭའི་ཞབས་རིམ་བསྒྲུབས་དང་སྒྲུབ་བཞིན་པ་རེད།
རྒྱལ་སྤྱིའི་ནང་དུའང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཡིད་ཆེས་དང་གུས་བརྩི་ཆེ་མཐོང་ཅི་ཆེ་ཞུ་བཞིན་ཡོད། དེ་ཡང་ྋམགོན་པོ་མཆོག་གིས་སྐུ་ངལ་ལ་མ་འཛེམས་པར་འཛམ་གླིང་ས་ཕྱོགས་གང་སར་ྋཞབས་ཀྱི་པདྨོ་རྣམ་པར་བཀོད་དེ་ཞི་བདེའི་དུས་རབས་སྐྲུན་ཐབས་སུ་འཛམ་གླིང་གཅིག་དང༌། འགྲོ་བ་མི་གཅིག་གྱུར། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་ལ་སེམས་འཁུར་དགོས་པ་དང༌། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་དགོས་པ། རྩོད་རྙོག་རྣམས་འབྲེལ་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པ། འགྲོ་བ་མི་ལ་ཕྱི་དངོས་པོའི་ཡར་རྒྱས་བྱུང་བ་བཞིན་དུ་ནང་བསམ་བློའི་ཡར་རྒྱས་འབྱུང་ཐབས་སུ་ཤེས་ཡོན་གྱི་བསྟི་གནས་ཁག་ཏུ་ཡ་རབས་བཟང་སྤྱོད་སྐོར་རྒྱུན་དུ་སློབ་འཁྲིད་དགོས་པ་སོགས་སེམས་ཅན་ཐམས་ཅད་ལ་ཕན་བདེའི་ལམ་སྟོན་བཀའ་སློབ་སྩལ་བ་ལ་བརྟེན་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་གཙོས། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་བྱ་དགའ་དང༌། ཇོན་ཊེམ་པལ་ཊོན་གཟེངས་རྟགས་སོགས་ཆེ་བསྟོད་དང་གཟེངས་རྟགས་ ༡༥༢ བརྒལ་བ་འབུལ་བཞེས་མཛད་ཡོད།
དེ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་མཛད་འཕྲིན་རྒྱས་བཞིན་པར་བརྟེན་རྒྱལ་སྤྱིའི་ཐོག་བོད་དོན་གནས་བབ་ཡར་རྒྱས་དང་རྒྱབ་སྐྱོར་ཤུགས་ཆེ་བྱུང་ཞིང༌། བོད་མིའི་ཆིག་སྒྲིལ་དང་བདེན་མཐའ་གསལ་ཐབས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད། འཛམ་གླིང་ནང་མི་མང་ས་ཡ་མང་པོ་དང་བོད་གཞིས་ལུས་རྒྱ་ཆེའི་མང་ཚོགས་ནས་ྋགོང་ས་མཆོག་ལ་དད་མོས་བརྩི་བཀུར་ཡོད་པ་དེ་སེམས་ལ་བཅང་སྟེ་རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་དེ་ལས་ལྷག་པ་བཀའ་གསུང་ཅི་བསྒྲུབ་ཞུ་དགོས་པ་སྨོས་ཅི་དགོས།
ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་མཛད་སྐབས་སྲིད་འཛིན་མཆོག་གིས་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག བོད་ནང་འགྲོ་བ་མིའི་ཐོབ་ཐང་བཅས་པ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཡོད་པ་དང༌། མགོན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་རྒྱབ་སྐྱོར། འཚེ་མེད་ཞི་བའི་བཞེངས་ཕྱོགས་ལ་གུས་བཀུར་ཆེ་བསྟོད། དེ་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཐུགས་འཁུར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱགས་རོམ་དང་བོད་མཐོ་སྒང་གི་གནམ་གཤིས་སྲུང་སྐྱོབ་དགོས་པ་བཅས་ལམ་སྟོན་མཛད་པ་ལ་ཡང་རྒྱབ་སྐྱོར་ཤུགས་ཆེ་ཡོད་ཅེས་གསུངས་འདུག་པར་བཀའ་ཤག་ནས་ཨ་རིའི་སྲིད་འཛིན་དང་སྲིད་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་བོད་དོན་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་བྱུས་ལ་བརྟེན་ཏེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་ཡོང་ཐབས་བཀའ་ཤག་ནས་འབད་བརྩོན་སྔར་ལྷག་ཞུ་རྒྱུ་ཡིན།
དེ་རིང་རང་ཅག་བོད་མི་ཡོངས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སེམས་ཚོར་ཆེན་པོའི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཞེས་ཁ་ནས་བཤད་པ་ཙམ་མིན་པར་དངོས་སུ་ལག་བསྟར་ཐུབ་པ་གཅིག་ནི། བོད་མིའི་ཆིག་སྒྲིལ་གྱི་སྲོག་རྩ་རང་གི་གཅེས་ནོར་སྐད་ཡིག་དང༌། རྩ་ཆེའི་ཆོས་དང་རིག་གཞུང་། བཟང་པོའི་སྤྱོད་པ་བཅས་ཕ་མེས་ནས་བརྒྱུད་སྤྲོད་བྱུང་བ་རྣམས་བདག་སྲུང་དར་སྤེལ་ཡོང་བ་ལ་དགོན་སྡེ་གྲྭ་ཚང་དང༌། ཤེས་ཡོན་གྱི་བསྟི་གནས། རྒྱ་ཆེའི་མང་ཚོགས་བཅས་ནས་རྒྱུན་དུ་ཐུགས་སྣང་དང་འགན་ཁུར་དགོས་རྒྱུ་གལ་ཆེ་ཡིན་པ་ད་ལན་གོ་སྐབས་འདི་བརྒྱུད་འབོད་སྐུལ་ཞུ་རྒྱུ་ཡིན།
ཉེ་དུས་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་མཛད་སྒོའི་སྐབས་ཞུས་ཟིན་པ་ལྟར་རང་རེའི་སྤྱི་ཚོགས་ནང་དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཤིག་གིས་ཆོས་དད་རང་དབང་ཁ་ལ་འཁྱེར་ནས་དོན་དུ་དགྲ་བོའི་གཡོ་བྱུས་འོག་ཚུད་དེ་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྒྲོ་སྐུར་གྱི་མཚན་སྨད་གང་བྱུང་ཞུ་བཞིན་པ་དང༌། བོད་མི་ནང་ཁུལ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ནང་ཕན་ཚུན་མི་མཐུན་པ་བཟོ་བཞིན་པ་བཅས་ལ་གདོང་ལེན་ཡན་པོར་མ་སོང་བ་བྱ་རྒྱུ་ནན་བརྗོད་ཞུ་རྒྱུ་ཡིན།
དེ་བཞིན་བོད་མི་ནང་ཁུལ་ཆིག་སྒྲིལ་གྱི་ནུས་པ་ཉམས་ཆག་གཏོང་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཛད་དཀའ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་མཚན་ཤས་འགྲོ་གཞིའི་དཀྲོག་གཏམ་རིགས་དྲ་རྒྱའི་བརྒྱུད་ལམ་འདྲ་མིན་བརྒྱུད་སྤེལ་བཞིན་འདུག་པ་དེ་དག་ལ་བོད་མི་ཚང་མས་དོགས་ཟོན་དང་སྤྱང་གྲུང་སྦི་གསང་གནང་གལ་མ་ཟད། དེ་རིགས་ཕན་ཚུན་འགྲེམས་གཏོང་བྱེད་མཁན་རྣམས་ནས་ཀྱང་ངེས་པར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།
རང་ཅག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཕྱིར་གངས་ཅན་པ་མི་རེ་ངོ་རེས་མགོན་པོ་མཆོག་གིས་དུས་གསུམ་གསལ་གཟིགས་ཀྱི་བླང་དོར་བཀའ་སློབ་སྩལ་བ་རྣམས་བཀའ་བཞིན་བསྒྲུབ་རྒྱུར་དུས་རྟག་ཏུ་འབད་བརྩོན་གནང་དགོས་པ་ནན་ཏན་ཆེན་པོས་སྐུལ་མ་ཞུ་རྒྱུ་དང༌། མགོན་པོ་མཆོག་མཁའ་ཁྱབ་བསྟན་འགྲོའི་མགོན་དཔུང་དམ་པར་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་ཕེབས་པ་བཞིན་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་ཅིང་འཕྲིན་ལས་ཀྱི་འོད་སྣང་རྒྱུན་མི་ཆད་དུ་སྩོལ་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན།
བོད་མི་རིགས་ཀྱི་གནས་བབ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་རྒྱ་གར་དབུས་ས་གཉིས་ཀྱི་གཞུང་དང་མི་མང༌། གཞན་ཡང་འཛམ་གླིང་ཁྱོན་ལ་གནས་པའི་ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་མང་གིས་བོད་ཀྱི་རྩ་དོན་གཙོ་གྱུར་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་བར་གོ་སྐབས་འདི་བརྒྱུད་བཀའ་ཤག་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང༌། བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉིན་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བཀའ་ཤག་གིས། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ལ།། །།