ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༧ ཉིན་ཧི་མཱ་ཅལ་མངའ་སྡེའི་ཟ་འབྲུའི་བློན་ཆེན་སྐུ་ཞབས་ཇི་ཨེས་བྷ་ལི་ (G.S Bali) མཆོག་གི་སྐྱེས་སྐར་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཆེད་ཕེབས་གནང་འདུག
དེ་ཡང་གོང་ཚེས་ཉིན་ཀངྒ་ར་རྫོང་ཁོངས་སུ་གཏོགས་པའི་ནཱག་རོ་ཏ་བྷག་ཝན་ (Nagrota Bagwan) གྲོང་སྡེའི་གྷན་དྷི་ཐང་ཆེན་དུ་སྐུ་ཞབས་བྷ་ལི་མཆོག་གི་སྐྱེས་སྐར་དང་བསྟུན་རིན་མེད་སྨན་བཅོས་དང་སྐྱེས་སྐར་སྲུང་བརྩིའི་མཛད་སྒོར་ཧི་མཱ་ཅལ་མངའ་སྡེའི་ནུས་ཤུགས་བློན་ཆེན་སྐུ་ཞབས་སུ་རཇ་སིངྒ་པ་ཊ་ནི་ཡ་ Suraj Singh Pathania མཆོག་དང་། སྐུ་ཞབས་བྷ་ལི་མཆོག བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་རྡ་ས་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས།ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ། མངའ་སྡེའི་གྲོས་ཚོགས་འཐུས་མི། དེ་བཞིན་མངའ་སྡེའི་དཔོན་རིག་ཁག་གཅིག་མགྲོན་འབོད་ལྟར་ཆེད་ཕེབས་གནང་འདུག
སྐབས་དེར་འཕྲོད་བསྟེན་བཀའ་བློན་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཚབ་ཞུས་ཏེ་སྐུ་ཞབས་ཇི་ཨེས་བྷ་ལི་མཆོག་གི་སྐྱེས་སྐར་ལ་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་དང་མི་མང་དགོས་མཁོ་ཅན་ཚོར་རིན་མེད་སྨན་བཅོས་གོ་སྒྲིག་དང་ས་གནས་སུ་ཡོད་པའི་བོད་མི་རྣམས་ལ་རྒྱབ་སྐྱོར་དང་འབྲེལ་ལམ་གནང་བར་བསྔགས་བརྗོད་ཞུས་ཡོད།
མཐར་སྐུ་ཞབས་ཇི་ཨེས་བྷ་ལི་མཆོག་གིས་སྐུ་མགྲོན་རྣམས་ལ་དྲན་རྟེན་ཕྱག་རྟགས་དང་ཐུགས་རྗེ་ཆེའི་གསུང་བཤད་གནང་ཡོད་པ་བཅས།།