ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །སྐུ་ཞབས་པདྨ་མཁའ་འགྲོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འདེམས་ཐོན་གྱིས་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༧ ཉིན་དམ་འབུལ་ཞུས་མཚམས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁོང་ལ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན། ངོས་ནས་གཞིས་བྱེས་བོད་མི་ཡོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དགུ་པར་འདེམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལོ་ན་ཆུང་ཤོས་གསུམ་པ་དེ་ཆགས་པར་བསྔགས་བརྗོད་དང་སྦྲགས། ངོས་ཀྱིས་སྐུ་ཉིད་མཆོག་གི་ལས་ཡུན་རིང་ལས་དོན་ཇི་འདྲ་ཞིག་བརྩམ་ཡང་བྱ་བ་ལམ་ལྷོང་ཡོང་པའི་སྨོན་འདུན་དང་སྐུ་ཉིད་ཀྱི་ཕུལ་བྱུང་གྱི་དབུ་ཁྲིད་ལམ་སྟོན་འོག་ཨ་རུ་ནཱ་ཅལ་མི་མང་ཀྱི་མངོན་འདོད་དང་རེ་འདུན་སྒྲུབ་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།
སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར། བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཨ་རུ་ནཱ་ཅལ་མངའ་སྡེ་དང་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་སྟབས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་༸གོང་ས་མཆོག་གིས་དབུས་བོད་མི་སྟོང་ཕྲག་མང་པོ་རྟ་དབང་དང་ས་གནས་གཞན་ཁག་བརྒྱུད་རྒྱ་གར་ལ་བཙན་བྱོལ་དུ་སླེབས་སྐབས། ཨ་རུ་ནཱ་ཅལ་སྲིད་གཞུང་དང་མི་མང་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ལྷད་མེད་གནང་ཡོད། ཨ་རུ་ན་ཅལ་སྲིད་གཞུང་རིམ་བྱོན་ནས་བོད་དོན་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གཅིག་མཚུངས་གནང་ཡོད།
ངོས་རང་དེ་སྔ་ཨ་རུ་ནཱ་ཅལ་མངའ་སྡེར་བཅར་སྐབས་སྐུ་ཉིད་མཆོག་གིས་ངོས་ལ་གྲོགས་པོའི་འདུ་ཤེས་འཛིན་པའི་ཐོག་ནས་སྣེ་ལེན་གྲ་སྒྲིག་ཧ་ཅང་ལེགས་པོ་གནང་སོང་། སྐུ་ཉིད་མཆོག་ཀྱང་བཞུགས་སྒར་རྡ་རམ་ས་ལར་རྟེན་འབྲེལ་གྱི་མཛད་སྒོར་ཆེ་བསྟོད་མཚོན་བྱེད་མཉམ་ཞུགས་གནང་མྱོང་ཡོད། ངོས་ཀྱིས་དེ་རིང་གོ་སྐབས་འདི་བརྒྱུད་ཨ་རུ་ནཱ་ཅལ་གཞུང་མང་གཉིས་ལ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་མ་འོངས་པར་ང་ཚོའི་དབར་གྱི་གྲོགས་པོའི་འདུ་ཤེས་ཀྱི་འབྲེལ་ལམ་ཉིན་རེ་བཞིན་གོང་མཐོར་ཡོང་པའི་སྨོན་འདུན་ཡོད། ངོས་ཀྱིས་སྐུ་ཉིད་མཆོག་གིས་དབུ་ཁྲིད་འོག་ལས་དོན་མཐའ་དག་ལམ་ལྷོང་ལྡན་པ་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
སྤྱིར་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ནི། དེ་སྔ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་གཤེགས་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་གི་སྲས་ཡིན་པ་དང་། ཁོང་ཨ་རུ་ནཱ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་ཞུས་པའི་གཞུང་འབྲེལ་མཛད་སྒོ་མང་པོའི་ཐོག་ཆེད་ཕེབས་གནང་མྱོང་ཡོད། ཁོང་གིས་རེས་གཟའ་ཉི་མའི་ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་དམ་འབུལ་གནང་བ་དང་། ཁོང་ནི་རྒྱ་གར་ནང་སྤྱི་ཁྱབ་བློན་ཆེན་ལོ་ན་ཆུང་ཤོས་གྲས་ཤིག་ཆགས་ཡོད། །
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།