ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༥ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་སྐབས་གསུང་དོན། མགོན་པོ་གང་ཉིད་མཆོག་ནི་མི་ཚེའི་ནང་གནས་སྟངས་གང་འདྲ་ཞིག་འཕྲད་རུང་ཞི་བའི་སྒོ་ནས་སེལ་ཐབས་མཛད་རྒྱུ་ཡོད་པའི་མིག་དཔེ་བཟང་པོ་སྟོན་མཁན་ཞིག་ཆགས་ཡོད། ང་ཚོས་གང་ཉིད་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་སྦར་སིལ་དང་སི་ཊར་སི་བྷག་ནང་ཡོད་པའི་ཡུ་རོབ་གྲོས་ཚོགས་ངོས་ནས་སྐུ་ཉིད་ཀྱི་དགོངས་གཞི་སྒྲུབ་ཐབས་སུ་ལས་དོན་མུ་མཐུད་སྤེལ་རྒྱུའི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།
ངོས་རང་འདས་པའི་མི་ལོ་ངོ་བཅོ་ལྔ་ནས་བཟུང་མགོན་པོ་གང་ཉིད་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་མཁན་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཀྱི་འགོ་ཁྲིད་བྱེད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་སྤོབས་སྐྱེས་བཞིན་ཡོད། ང་ཚོས་ལོ་ལྟར་གང་ཉིད་མཆོག་གི་སྐུའི་འཁྲུངས་སྐྲ་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པ་ལྟར། འདི་ལོར་བདུན་ཕྲག་སྔོན་མའི་ནང་སྙན་གྲགས་ཆེ་བའི་ཨལ་བྷ་ཊི་ཚོགས་ཁང་དུ་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད།
ཕྱི་ལོ་ ༢༠༡༤ ཟླ་ ༢ ནང་སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ནང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཚོགས་འདུ་བརྒྱ་ཐམ་པ་དེ་སྐོང་ཚོགས་གནང་སྐབས་འཛམ་གླིང་ས་ཕྱོགས་གང་ས་ནས་ཚོགས་བཅར་ཁྱོན་གྲངས་ ༣༠༠ ཙམ་མཉམ་ཞུགས་གནང་ཡོད། སྐབས་དེར་ང་ཚོས་བོད་ནང་བོད་མིར་མནར་གཅོད་དང་དྲག་གནོན། ཁྲིམས་འགལ་གྱི་དོ་དམ་བཀག་ཉར་དང་བཙོན་འཇུག་སོགས་བྱེད་བཞིན་པ་དེར་ངོ་རྒོལ་ཤུགས་ཆེ་གནང་ཡོད། ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༡༢ ནང་ཡུ་རོབ་གྲོས་ཚོགས་ཀྱིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་ལམ། ཞེས་པའི་ཞིབ་འཇུག་སྙན་ཐོ་ཞིག་ཀྱང་བཏོན་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༠ ཉིན་ང་ཚོས་ཕྱི་ལོ་ ༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་སྐབས་རྒྱ་མིའི་དམག་མིས་ཉེས་མེད་ཀྱི་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་དུས་དྲན་ཐེངས་ ༥༧ ཐོག་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་མ་ཟད། སྦར་སིལ་དུ་དུས་དྲན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་ཀྱང་བྱས་ཡོད། ཅེས་སོགས་བརྙན་འཕྲིན་བརྒྱུད་གསུངས་ཡོད། །