ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་ཕྱུག་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༦ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་ཆོས་ར་གསར་པ་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་ཟིན་པ་དབུ་འབྱེད་རབ་གནས་མཛད་པ་དང་འབྲེལ་བཀའ་སློབ་བཀའ་དྲིན་སྩལ་སོང་།
དེ་ཡང་དབུ་འབྱེད་མཛད་སྒོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་མཆོག འབྲས་སྤུངས་ཁྲི་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག དེ་བཞིན་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་རྣམ་པ། ཕྱོགས་བཞུགས་སྤྱི་འཐུས་ཁག་གཅིག ལྷོ་སྤྱི་དང་ས་གནས་འགོ་འཛིན། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་སེར་སྐྱ་མི་མང་བཅས་ཚང་འཛོམས་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། གྲྭ་ཚང་བློ་གསལ་གླིང་ནི་བོད་ནང་མཁས་པ་མང་པོ་ཐོན་པའི་གྲྭ་ཚང་ཞིག་ཡིན་པ་དང་། གྲྭ་ཚང་འདུས་ཚོགས་ཆེན་པོ་ཞིག་ཡིན་པ་མ་ཟད། དགེ་བཤེས་རྩེ་ཕུད་དང་མཁས་པའི་དབང་པོ་མང་པོ་བྱུང་ཡོད། སྡེ་སྣོད་གསུམ་གྱི་སྦྱང་པ་ཐར་ཐུག་པ་ཡོད་མཁན་མཁས་པའི་སྐྱེ་བོ་དཔེར་ན། རྒན་པདྨ་རྒྱལ་མཚན་དང་རྒན་ཉི་མ་ལ་སོགས་པ་དེ་ཚོས་སོན་རྩ་བཙུགས་པ་དང་། ད་ཆ་མི་རབས་དེ་རྫོགས་ཚར་པ་མ་ཟད་བཙན་བྱོལ་ནང་ཐོག་མར་སླེབས་པའི་མི་རབས་དང་པོ་དེའང་རྫོགས་ཚར་བ་ལྟ་བུ་རེད། མི་རབས་གཉིས་པ་ཚོས་དེ་སྔ་མཁས་པ་ཚོའི་རྗེས་སུ་འཇུག་ནས་སློབ་གཉེར་གནང་བཞིན་པ་དེ་ཡག་པོ་ཡིན་པ་དང་མ་མཐུད་སློབ་གཉེར་ཐོག་ཤུགས་གང་ཐུབ་རྒྱག་དགོས་གལ་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོ་སྐྱོང་གནང་ནས་རྒྱུད་བླ་མའི་ཐོག་དགེ་བཤེས་དྲུག་གིས་བགྲོ་གླེང་གནང་ཡོད་པ་བཅས།།