ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བྱང་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་ཧུབ་ལིར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དབུ་འབྱེད་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པྲ་ལ་ཏི་ཇོ་ཤི་Shri Prahlad Joshi མཆོག་དང་། སྐུ་མགྲོན་རྣམ་པ། ཚོགས་བཅར་བ་བཅས་ལྷན་འཛོམས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གྲུབ་མཚམས་སྣང་གསལ་ཞལ་ཕྱེ་དང་སྦྲགས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཉིས་རིང་ཞུས། དེ་རྗེས་ལྷོ་ཤར་ཁུལ་གྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་ཨམ་རུ་ཏི་ཇོ་ཤི་ Shri Amruth Joshi ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་།
དེ་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཁང་གི་འགན་འཛིན་སྐུ་ཞབས་ཁེ་རེ་མི་ R.K.Khrimey ལགས་ཀྱིས་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དགོས་དོན་དང་དེ་དག་གིས་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་དང་སྦྲགས་རྒྱ་གར་གཞུང་ངོས་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་སླད་བར་བཞུགས་གནང་སྟེ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པྲ་ལ་ཏི་ཇོ་ཤི་མཆོག་གིས་ས་གནས་སུ་འདི་ལྟ་བུའི་ཚོགས་འདུ་ཐེངས་དང་པོ་གོ་སྒྲིག་གནང་བར་བསྔགས་བརྗོད་དང་འབྲེལ་བོད་མི་བཙན་བྱོལ་བའི་གྲངས་འབོར་མང་ཤོས་ཡོད་སའི་ས་གནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་དེ་དག་སྤྱིར་ས་གནས་ཡུལ་མི་དང་ལྷན་འཆམ་མཐུན་གྱི་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད་པ་མ་ཟད་ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་ཐོག་ཞབས་འདེགས་གང་ལེགས་ཡོང་བཞིན་ཡོད་སྐོར་སོགས་གསུངས།
གཞན་ཡང་བོད་མི་མང་སྤྱི་འཐུས་ཟུར་པ་དང་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་ལགས་ཀྱིས་རྒྱ་གར་ནང་གཞི་རིམ་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ནི་རྒྱ་གར་ཡུལ་གྱི་གལ་ཆེའི་གནད་དོན་ཞིག་གི་ངོ་བོར་འགྱུར་ཐབས་གནང་དགོས་གལ་དང་། ལྷག་པར་བོད་ཀྱི་ཁོར་ཡུག་དང་འབྲེལ་ནས་དེང་སྐབས་བོད་ནང་དུ་རྒྱ་ནག་གཞུང་གིས་འཛམ་གླིང་མི་འབོར་བརྒྱ་ཆ་ ༤༧ འཚོ་རྟེན་བྱེད་བཞིན་པའི་བོད་ཀྱི་རྒྱུག་ཆུ་ཆེ་ཁག་ཐོག་གང་བྱུང་ཆུ་རག་མང་པོ་བརྒྱབ་དང་རྒྱག་བཞིན་པ་དེ་དག་ལ་བརྟེན་ནས་མི་འབོར་ས་ཡ་མང་པོའི་ཉིན་རེའི་འཚོ་བའི་མདུན་ལམ་ལ་གནོད་འཚེ་ཚབས་ཆེ་བཟོ་བཞིན་པ་མ་ཟད། ཆུ་རགས་ཕོན་ཆེ་བརྒྱབ་པར་བརྟེན་བོད་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་པ་ཀི་སི་ཐན་སོགས་ཀྱི་ཁོར་ཡུག་ལའང་དོ་ཕོག་ཤུགས་ཆེ་གཏོང་བཞིན་ཡོད་སྐོར་དང་། ད་ལྟའི་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚོས་བོད་ནང་དུ་བོད་པའི་རིག་གཞུང་དང་ཁོར་ཡུག་གཏོར་བཤིག་བཏང་བ་མ་ཟད། མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་གཙོ་བཟུང་ཐོག་བོད་རིགས་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ངོ་བོར་གྱུར་ནས་དཔལ་འབྱོར་དང་། ཤེས་ཡོན་སོགས་གང་ཅིའི་ཐད་ཟུར་ཕུད་བྱེད་བཞིན་ཡོད་སྐོར་གསུངས།
ཐེངས་འདིའི་ཚོགས་འདུར་ཕེབས་མཁན་རྣམས་ལ་མོན་གྷོ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་འོག་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཕེབས་བསུའི་གསོལ་སྟོན་གཟབ་རྒྱས་ཤིག་གོ་སྒྲིག་གནང་བ་མ་ཟད། གསོལ་སྟོན་གྲུབ་རྗེས་འབྲས་སྤུངས་བློ་གསལ་གླིང་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་རྟགས་གསལ་གཏོང་ས་དང་། རྒས་གསོ་ཁང་བཅས་སུ་གཟིགས་སྐོར་དང་། དགོང་མོར་མོན་གྷོ་ས་གནས་མི་མང་ཚོགས་ཁང་དུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་དང་ཞལ་ལག་འདེགས་འབུལ་ཞུས་ཡོད་པ་བཅས།།