ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་ཞུ་སྐུལ་འབྱོར་དོན་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༣ ཉིན་ར་ལྦང་ལ་ཀུན་ཕན་གླིང་ས་འཐུས་སྐབས་ ༨ པའི་ཚབ་གསར་ཚོགས་གཙོ་པདྨ་ཚེ་བརྟན་ལགས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པ་རྡོར་གླིང་ས་གནས་འགོ་འཛིན་རིག་འཛིན་རྡོ་རྗེ་ལགས་ཀྱི་མདུན་སར་ལས་ཁུར་དམ་འབུལ་ཞུས་འདུག་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༤ ཉིན་སྤོག་ར་བཀྲིས་གླིང་ས་འཐུས་སྐབས་ ༩ པའི་ཚབ་གསར་ཚོགས་གཙོ་བསོད་ནམས་བཟང་པོ་ལགས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པ་བལ་ཡུལ་གློ་སྒྲིག་ས་གནས་འགོ་འཛིན་ཚེ་བརྟན་ལགས་ཀྱི་མདུན་སར་ལས་འཁུར་དམ་འབུལ་ལེགས་གྲུབ་བྱུང་འདུག
འཕྲལ་སེལ་ས་གནས་ཁྲིམས་ཞིབ་པ་འདི་དག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ པའི་ཆ་རྐྱེན་འོག་ཆེས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་བསྐོ་གཞག་གནང་བ་ཞིག་ཡིན་པ་བཅས། །