ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༨ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཇར་མན་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམས་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་འཁོད་དོན། ལོ་སྔོན་མའི་ཕྱི་ཟླ་ ༦ ནང་སྦེལ་ཇམ་གྱི་རྒྱལ་ས་བྷར་སེལ་ (Brussels) ནང་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ལྷན་ཚོགས་ (EU-China Summit) ཞེས་པ་དེ་ཚོགས་སྐབས་བོད་དོན་སྐོར་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཚོས་ཧ་ཅང་བློ་འཚབ་ཡོད་པའི་གནད་དོན་གཉིས་ཀྱི་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམ་པས་དོ་སྣང་སླེབ་ཆེད་ཞུ་ཡིག་འདི་ཕུལ་བཞིན་ཡོད། ཐེངས་འདིར་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ལྷན་ཚོགས་ཐེངས་ ༡༨ ཐོག་ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་རྣམ་པས་གནད་དོན་འདིའི་སྐོར་རིང་མིན་ཟླ་འདིའི་ཕྱི་ཚེས་ ༡༢ དང་ ༡༣ ཉིན་འཚོགས་རྒྱུའི་ལྷན་ཚོགས་ཐོག་གླེང་སློང་གནང་བའི་རེ་བ་ཞུ་བཞིན་ཡོད། ཅེས་དང་།
ཞུ་ཡིག་དེའི་ནང་མདོ་སྨད་ཨ་མཆོག་ཡུལ་ཚོའི་གོང་སྔོན་བླ་རིར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་མུ་མཐུད་འགྲོ་བཞིན་པར་ཡུལ་ཚོའི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་མུ་མཐུད་གཏེར་ཁ་སྔོག་འདོན་ལ་ཞི་རྒོལ་སྐད་འབོད་བྱས་པར་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་མིའི་ཐོག་དྲག་གནོན་བྱས་ཡོད་པ་གསལ་བཏོན་གནང་བ་དང་།
གནད་དོན་གཉིས་པ་ནི། འཛམ་གླིང་ནང་ཤེས་ཡོན་བསྟི་གནས་ཁང་ཆེ་ཤོས་དང་གྲྭ་བཙུན་སྔགས་གསུམ་གྱི་གྲངས་འབོར་ཆེས་མང་པའི་ནང་པའི་ཆོས་སྡེ་བླ་རུང་སྒར་དེ་ཉིད་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༩ ནང་ཚུན་གྲྭ་བཙུན་སོགས་ཀྱི་གྲངས་འབོར་ ༥༠༠༠ ལ་ཚོད་འཛིན་ཐོག གྲྭ་བཙུན་མང་པོ་ཕྱིར་འབུད་དང་གྲྭ་ཤག་མང་པོ་གཏོར་བཤིག་གཏང་རྒྱུའི་གནད་དོན་ཐོག་གླེང་དགོས་སྐོར་འཁོད་ཡོད།
དེ་བཞིན་ལྷན་ཚོགས་སྐབས་ས་ཁུལ་དེའི་གནས་སྟངས་འཕྲལ་དུ་འགྲིགས་འཇགས་ཡོང་ཐབས་གནང་དགོས་པའི་གནད་དོན་སྐོར་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་པ་དང་སྦྲགས། ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་གཞུང་ལ་ཁོར་ཡུག་གི་ཁྲིམས་ལུགས་དང་། ཀུན་ཁྱབ་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞི་སྤེལ་སྐབས་བོད་མིའི་ཆོས་དང་རིག་གཞུང་ལ་བརྩི་བཀུར་བྱེད་དགོས་པའི་དགོས་འདུན་བཏོན་དགོས་པའི་འབོད་སྐུལ་ཡང་ཞུས་འདུག
ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་ལོ་འཁོར་ཚོགས་ཆེན་འདི་བཞིན་སྦར་སིལ་དང་པེ་ཅིང་ནང་རེས་མོས་ཀྱི་འཚོགས་བཞིན་ཡོད་པ་དང་། ལྷན་ཚོགས་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཡུ་རོབ་ལྷན་ཁང་དང་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་པ། ཡུ་རོབ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་ཚོགས་ཆུང་གི་(EU High Representative for Foreign Affairs and Security Policy) ཆེས་མཐོའི་སྐུ་ཚབ་ཡིན་པ་དང་། རྒྱ་ནག་གཞུང་གི་ངོས་ནས་རྒྱ་ནག་གི་སྲིད་བློན་མཉམ་ཞུགས་གནང་གི་ཡོད་འདུག །