ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ལས་ཁུངས་ཨ་མའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཨལ་བྷ་ཊི་ཚོགས་ཁང་ Albert Hall Complex ཞེས་པའི་ནང་སྐུ་ཚབ་དོན་ཁང་གིས་གོ་སྒྲིག་འོག་༸གོང་ས་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད། སྐབས་དེར་མཛད་སྒོའི་ཐོག་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་དང་། ཡུ་རོབ་དང་བྷེལ་ཇམ་གྱི་གྲོས་ཚོགས་འཐུས་མི། བྷེལ་ཇམ་སྲིད་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག ནང་པའི་ཆོས་ཚོགས་ཁག་གི་སྐུ་ཚབ་རྣམ་པ། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ། དེ་བཞིན་རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ། བོད་རིགས་ཚོགས་པའི་སྐུ་ཚབ། མཁས་དབང་། གསར་འགོད་པ་སོགས་མཉམ་ཞུགས་གནང་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་༸རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་གྲུབ་རྗེས་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་གིས་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག ཁོང་གི་ཚོགས་པས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་ཡོད། དེ་བཞིན་ཁོང་གིས་ཉེ་ཆར་༸གོང་ས་མཆོག་ཨ་རི་ཁུལ་དུ་ཆིབས་སྒྱུར་སྐབས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་གཙོས་སྲིད་གཞུང་གི་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་མཇལ་འཕྲད་མཛད་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་རྟོག་ཞིབ་ཆེད་རྡ་སར་ཆེད་ཕེབས་སྐབས་ཀྱི་ཉམས་མྱོང་སྐོར་གསུང་སྐབས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ལ་བསྔགས་བརྗོད་གནང་ཡོད་པ་དང་། གཞན་ཡང་ཁོང་གི་ཚོགས་པའི་ངོས་ནས་༸སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་དང་། དྲག་གནོན། ཁྲིམས་མཐུན་མིན་པའི་བཙོན་འཇུག་བྱེད་བཞིན་པ་དེར་མུ་མཐུད་ངོ་རྒོལ་བྱེད་རྒྱུ་དང་བོད་དོན་ཆེད་ལས་འགུལ་སྣ་མང་སྤེལ་རྒྱུའི་ཁས་ལེན་དམ་བཅའ་ཞུས་འདུག
སྐབས་དེར་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག སྐུ་མགྲོན་རྣམ་པས་བོད་ཀྱི་ལོ་རྒྱུས་ནང་གཉན་ཕྲང་ཅན་གྱི་དུས་སྐབས་འདིར་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་བ་འདི་ཧ་ཅང་གལ་གནད་ཆེན་པོ་ཡིན་སྐོར་གསུངས་པ་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ཁོང་གིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་ཡུ་རོབ་རྒྱལ་ཁབ་ཁག་ནས་བོད་མིར་གདུང་སེམས་མཉམ་སྐྱེ་གནང་སྟེ་བོད་དོན་ལས་འགུལ་མུ་མཐུད་སྤེལ་གནང་ཡོང་བའི་རེ་འདུན་ཡང་ཞུས་འདུག