ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གི་མཚན་ཐོག་ནས་ཨིན་ཡུལ་གྱི་སྲིད་བློན་གསར་པ་ལྕམ་སྐུ་ཐེ་རེ་ས་མེ་ Theresa May མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་ཨིན་ཡུལ་གྱི་སྲིད་བློན་གྱི་ལས་ཁུར་བཞེས་གནང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག་འབྱུང་འགྱུར་ཨིན་ཡུལ་གྱི་མདུན་ལམ་བཟང་པོ་ཞིག་ཡོང་རྒྱུ་ཡིན་པ་ང་ཚོས་རྟོགས་ཐུབ། སྐུ་ཉིད་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཨིན་ཡུལ་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་བར་ང་ཚོས་བཀའ་དྲིན་སྙིང་བཅངས་ཐོག་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། དེ་སྔའི་སྲིད་བློན་ཌེ་ཝི་ཌི་ཀེམ་རུན་ David Cameroon མཆོག་གིས་ཕྱི་ལོ་ ༢༠༡༢ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན།
ཨིན་ཡུལ་ནི་བོད་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཉུང་ཤས་ཁོངས་ནས་གཅིག་ཆགས་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་གིས་བོད་ནང་བཙན་འཛུལ་བྱེད་སྐབས་དཔང་པོ་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། བོད་དོན་ཐོག་ཨིན་ཡུལ་གྱི་རྒྱབ་སྐྱོར་ནི་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། སྐུ་ཉིད་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ཅེས་འཁོད་ཡོད།
ཐེ་རེ་ས་མེ་མཆོག་ནི་ཟླ་འདིའི་ཕྱི་ཚེས་ ༡༣ རེས་གཟའ་ལྷག་པ་ཉིན་ཨིན་ཡུལ་གྱི་བྷཀ་ཀིང་གྷམ་རྒྱལ་ཁང་ Buckingham Palace དུ་ཨིན་ཇིའི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཏི་ Queen Elizabeth མཆོག་དང་མཇལ་བཅར་སྐབས་སྲིད་བློན་དུ་བསྐོ་གཞག་གནང་ཡོད་པ་དང་། ཁོང་ནི་ལྕམ་སྐུ་མར་གྷ་རེཏ་ཐེ་ཆར་ Margaret Thatcher མཆོག་གིས་སྲིད་བློན་གནང་རྗེས་ཨིན་ཡུལ་གྱི་བུད་མེད་སྲིད་བློན་གཉིས་པ་དེ་ཆགས་ཡོད།།
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།