༢༠༡༦ ཟླ་ ༧ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕ་རན་སི་སྐུ་ཚབ་དོན་ཁང་དང་ཕ་རན་སིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཐུན་མོང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༩ ཉིན་ཕ་རན་སི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཡོད། དེ་ཡང་མཛད་སྒོར་ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནོཨེལ་མཱ་མེ་རི་ Noel Mamere ལགས་དང་ སྐུ་ཞབས་ཇོན་པེ་ཊི་རིཀ་གྷིལིས་ Mr Jean Patrick Gilles ལགས་ཀྱིས་གཙོས་པའི་གྲོས་ཙོགས་འཐུས་མི་ཁག་གཅིག་དང་། གྲོས་ཚོགས་གོང་མའི་འཐུས་མི། གནད་ཡོད་མི་སྣ། དེ་བཞིན་ཁུལ་དེའི་བོད་རིགས་ཚོགས་སྐྱིད་ཁག་གི་སྐུ་ཚབ། བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་སོགས་མཉམ་བཞུགས་གནང་ཡོད།
སྐབས་དེར་ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནོཨེལ་མཱ་མེརི་ Noel Mamere ལགས་ཀྱིས་ཕ་རན་སིའི་གྲོས་ཚོགས་འཐུས་མི་རྣམས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། གཏམ་བརྗོད་རང་དབང་ཆེད་མུ་མཐུད་རྒྱབ་སྐྱོར་ཡོད་སྐོར་སོགས་གསུངས།
སྐུ་ཞབས་ཇོན་པེ་ཊི་རིཀ་གྷིལིས་ Mr Jean Patrick Gilles ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཙམ་མིན་པར་འགྲོ་བ་མི་རིགས་སྤྱི་ལ་བདེ་སྡུག་གི་ཐབས་ལམ་སྟོན་མཁན་ཞིག་ཡིན་སྟབས། ཕ་རན་སི་ནང་མགོན་པོ་གང་ཉིད་མཆོག་ལ་དད་གུས་ཞུས་མཁན་ཧ་ཅང་མང་པོ་ཡོད་སྐོར་སོགས་གསུངས་ཡོད་པ་མ་ཟད། ཁོང་གིས་བོད་ཀྱི་ཁོར་ཡུག་གི་གལ་གནད་སྤྱི་དང་ལྷག་པར་བོད་ནི་ཨེ་ཤི་ཡའི་ཆུའི་གཞི་རྟེན་ལྟ་བུ་ཡིན་སྐོར་སོགས་གསུངས་ཡོད།
སྐབས་དེར་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག སྐུ་མགྲོན་རྣམ་པས་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་བར་ཕེབས་བསུ་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་འདུག་པ་བཅས།།