ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་གཅིག་པའི་དབུ་འཛུགས་ཀྱི་མཛད་སྒོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཕེབས་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་གྲུབ་མཚམས། མཛད་སྒོར་ཕེབས་མཁན་ཡོངས་ཀྱི་ཟབ་སྦྱོང་ལམ་ལྷོང་ཡོང་སླད་བཀྲ་ཤིས་པའི་རྟེན་འབྲེལ་གྱི་སྨོན་ལམ་གསུངས་འདོན་རྗེས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་དོན། ཟབ་སྦྱོང་ནང་ལ་འཛུལ་ཞུགས་གནང་མཁན་སློབ་མ་རྣམས་ཀྱིས་དེ་ལྟ་བུའི་ཟབ་སྦྱོང་ནང་ཆ་ཤས་ལེན་ཐུབ་པ་ནི་ད་ལྟའི་དུས་སུ་ཧ་ཅང་གི་གལ་ཆེན་པོ་ཡིན། ང་རང་ཚོའི་སྤྱི་ཚོགས་ནང་རྩོམ་སྒྱུར་དེ་ཙམ་གྱི་མང་པོ་མེད་སྟབས། ཁྱེད་རྣམ་པས་ཟབ་སྦྱོང་ཟླ་བ་གསུམ་རིང་སྦྱངས་བརྩོན་ལྷོད་མེད་གནང་ནས་མ་འོངས་པར་རྩོམ་སྒྱུར་གྱི་ལམ་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་དགོས་ངེས་དང་། དེང་སང་བོད་ནང་མདོ་དབུས་ཁམས་གསུམ་ནས་མཁས་པ་རྣམས་ལྷན་འཛོམས་ཀྱིས་ཚིག་མཛོད་ཕྱོགས་སྒྲིག་གནང་བ་ལྟ་བུ་དགེ་མཚན་ཆེན་པོ་ཆགས་ཡོད།
དེ་ཡང་ཕྱོགས་གཅིག་ནས་ཐ་སྙད་གཅིག་གྱུར་ཡོང་ཐབས་དང་ཕྱོགས་གཞན་ནས་དེང་སང་རིག་གསར་གྱི་ཐ་སྙད་མང་པོ་བེད་སྤྱོད་བྱ་ཐབས་བརྒྱུད་སྐད་ཡིག་ཕྱུག་པོ་ཆགས་ཀྱི་ཡོད། ཅེས་དང་། རྩོམ་སྒྱུར་ཕྲན་བུ་ཙམ་ལ་ཁྱད་པ་ཆེར་མེད་ཀྱང་ནང་ཆོས་ཀྱི་སྐོར་བསྒྱུར་བ་སོགས་ལ་ནན་ཏན་དགོས་པས་གོ་ནོར་ཐེབས་གཞི་ལྟ་བུ་ཆགས་པ་ཡིན་ན་ཕན་ལས་གནོད་གཞི་ཆེ་རུ་འགྲོ་བ་དང་། དེ་ཡང་སྒྲ་འགྱུར་དང་དོན་འགྱུར་བཅས་ཀྱི་ལམ་ནི་གོ་བརྡ་སྤྲོད་ཐུབ་དགོས་ངེས་ཀྱང་གོ་བ་ལེན་ཕྱོགས་མི་འདྲ་བ་ཆགས་ཀྱི་ཡོད་པས་སྔོན་གྱི་འགྱུར་བཞག་པ་རྣམས་ལ་དཔེ་ལྟས་བྱེད་དགོས་ལུགས་དང་དེ་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱི་ནང་ཆོས་བསྒྱུར་བའི་སྐབས་ཁྲིམས་དང་ལམ་སྲོལ་རྣམས་ཀྱི་སྐོར་བཅས་གསུངས་པ་དང་། དེ་ཡང་བོད་ནང་དང་བཙན་བྱོལ་གྱི་གནས་སྟངས་མི་འདྲ་བར་བཙན་བྱོལ་ནང་དུ་ཆོས་དང་རིག་གཞུང་། སྐད་ཡིག་གང་གི་ཐད་ལའང་སོ་སོས་ནུས་པ་ཚང་མར་བཏོན་ནས་བྱེད་སའི་ཁོར་ཡུག་ཡག་པོ་ཡོད་པས་གོ་སྐབས་དམ་འཛིན་དགོས་པ་སོགས་ཀྱི་དབུ་འབྱེད་གསུང་བཤད་གནང་།
དེ་རྗེས་བོད་ཀྱི་དཔེ་མཛོད་ཁང་གི་རྩོམ་སྒྱུར་དང་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་མཆོག་སྨོན་ལམ་ལགས་ཀྱིས་ཟབ་སྦྱོང་སློབ་འཁྲིད་གནང་མཁན་གྱི་དགེ་རྒན་རྣམས་ངོ་སྤྲོད་དང་། ཟབ་སྦྱོང་དུ་འཛུལ་ཞུགས་གནང་མཁན་གྱི་སློབ་མ་རྣམས་རེ་རེ་བཞིན་ངོ་སྤྲོད་གནང་རྗེས་། བཀྲ་ཤིས་པའི་བདེན་ཚིག་སྨོན་ལམ་འདོན་གནང་དང་ཚང་མ་མཉམ་དུ་སྐུ་པར་བསྒྲོན་ཏེ། རྟེན་འབྲེལ་གྱི་གསོལ་ཇ་དང་ཞལ་ཏོག་ཕུལ་ནས་དབུ་འབྱེད་མཛད་རིམ་མཇུག་བསྒྲིལ་ཡོད། །