༢༠༡༦ ཟླ་ ༧ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༤།༣༠ ཡོལ་ཙམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཕེབས་འགྲོ་ཐོག་ཇམ་མུ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་ཏཱ་ལའི་བླ་མའི་དྲ་རྒྱའི་སྟེང་སྤེལ་བའི་མཛད་འཆར་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༢ ཉིན་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཡོད་པའི་ཁྲིག་རྩེ་ཚུལ་ཁྲིམས་རྣམ་དག་གླིང་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་བསྩལ་རྒྱུ་ཡིན་འདུག་པ་དང་། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚེ་དབང་བཀའ་དྲིན་བསྩལ་རྒྱུ་དང་། དེ་རྗེས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ནས་ ༢༠ བར་ལ་དྭགས་ཀྱི་སླེ་རུ་ཡོད་པའི་ཞི་བའི་ཚལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་བསྩལ་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་སྤྱན་རས་གཟིགས་ཀྱི་དབང་བསྩལ་རྒྱུ་ཡིན་འདུག །