ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། སྐུ་ཉིད་ཀྱིས་དབུ་ཁྲིད་ལམ་སྟོན་འོག་ཨ་རུ་ན་ཅལ་མངའ་སྡེའི་ནང་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་རྒྱུ་དང་། ལྷག་པར་མངའ་སྡེའི་ནང་ཡོད་པའི་དབུལ་ཕོངས་ཉམ་ཐག་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་ཀྱི་གནས་ལ་འགོད་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། སྐུ་ཉིད་མཆོག་གིས་ཕ་ཤུལ་བུས་འཛིན་ཐོག་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་དུ་འདེམས་ཐོན་བྱུང་བ་ནི་སྐུ་ཉིད་ཀྱི་ཡབ་དམ་པས་སྤོབས་པ་སྐྱེས་གཞི་ཞིག་ཆགས་ཡོད། ཅེས་དང་།
མཐར༸གོང་ས་མཆོག་གིས་པདྨ་མཁའ་འགྲོ་མཆོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ལས་ཡུན་རིང་གཞུང་འབྲེལ་ལས་དོན་སྒྲུབ་སྐབས་དཀའ་ངལ་རྣམས་ལ་གདོང་ལེན་དཔྱིས་ཕྱིན་གནང་ཐུབ་པ་དང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་དང་། ཨ་རུ་ན་ཅལ་མངའ་སྡེའི་མི་མང་རྣམས་ཀྱི་རེ་བ་དང་མངོན་འདོད་སྒྲུབ་ཐུབ་པའི་རེ་བ་མཛད་བཞིན་ཡོད་ཅེས་འཁོད་ཡོད། །
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།