༢༠༡༦ ཟླ་ ༦ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །སློབ་ཡོན་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་སྲ་གཏན་དང་རང་རིགས་ན་གཞོན་གང་མང་སྲིད་གཞུང་འཛིན་སྐྱོང་དང་སྲིད་བྱུས་སོགས་ཀྱི་ཐོག་སློབ་སྦྱོང་གོང་མཐོར་གཏོང་ཐབས་དང་དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགོ་འཁྲིད་དང་མི་ཆའི་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་བཅས་ལ་དམིགས་པ་ཡིན།
གོང་འཁོད་སློབ་ཡོན་ཆེད་གཤམ་གསལ་མཐོ་སློབ་གཉིས་ནང་སློབ་འཇུག་ཞུ་ཐོབ་དགོས།
༡། པུ་ནེ་ཨེམ་ཨའི་ཊི་མཐོ་སློབ་ནང་གཙུག་ལག་རབ་འབྱམས་སློབ་ཡོན།
MIT SOG in Pune, Master Program in Government, conducted by MIT school of Government
མཐོ་སློབ་ཆགས་ཡུལ་རྒྱ་གར་གྲོང་འཁྱེར་པུ་ནེ། སློབ་གཉེར་གྱི་དུས་ཡུན་ལོ་གཅིག་ཡིན་པ་དང༌། ལོ་གཅིག་སློབ་སྦྱོང་ཐོན་རྗེས་ Master Program in Government, MPG གྱི་ལག་འཁྱེར་ཐོབ་ཀྱི་འདུག གོང་གསལ་ལོ་གཅིག་སློབ་སྦྱོང་གི་ལག་འཁྱེར་དེ་མཐོ་སློབ་གཞན་ནང་སློབ་སྦྱོང་མུ་མཐུད་ཆེད་ངོས་འཛིན་གནང་ལམ་མི་འདུག མཐོ་སློབ་སོ་སོའི་འཚུད་རྒྱུགས་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཁག་ཤེས་རྟོགས་སླད་མཐོ་སློབ་ཀྱི་དྲ་ཚིགས་ www.mitsog.org ལ་ཐུགས་ཞིབ་ངེས་གནང་དགོས་རྒྱུ།
ལོ་གཅིག་གི་མཐོ་སློབ་སློབ་ཡོན་དང་སྡོད་གནས་ཀྱི་འགྲོ་གྲོན་ཧིན་སྒོར་ ༢༠༡༧༥༠། གནས་ཀྱི་ཡོད་པ་དེ་དག་མཐོ་སློབ་བརྒྱུད་ཐད་ཀར་འབུལ་རྒྱུ་ཡིན། ལོ་གཅིག་གི་ཟས་དོད་སྒོར་ ༧༣༢༥༠། ཟུར་དུ་གནང་རྒྱུ་ཡིན།
༢། ཇིན་ཌལ་གཙུག་ལག་རབ་འབྱམས་སློབ་ཡོན།
(M.A Public Policy, Jindal School of Government and Public Policy)
མཐོ་སློབ་ཆགས་ཡུལ་རྒྱ་གར་མངའ་སྡེ་ཧ་རི་ཡ་ན། སློབ་གཉེར་གྱི་དུས་ཡུན་ལོ་གཉིས། སློབ་ཐོན་ལག་འཁྱེར་ངོས་འཛིན་ཡོད་པ། ལོ་གཅིག་གི་མཐོ་སློབ་སློབ་ཡོན་སོགས་ཀྱི་འགྲོ་གྲོན་སྒོར་ ༣༥༠༠༠༠། གནས་ཀྱི་ཡོད་པ་བཞིན་མཐོ་སློབ་བརྒྱུད་ཐད་ཀར་འབུལ་རྒྱུ་ཡིན། ༼སློབ་ཡོན་དང་ཟས་དོད། སྡོད་ཁང་བཅས་ཀྱི་འགྲོ་གྲོན་ཚང་མ་འཚུད་ཡོད།༽ མཐོ་སློབ་སོ་སོའི་འཚད་རྒྱུགས་དང་འབྲེལ་བའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་སླད་མཐོ་སློབ་ཀྱི་དྲ་རྒྱ་ www.jsgp.edu.in ལ་ཐུགས་ཞིབ་ངེས་གནང་དགོས་རྒྱུ།
གོང་གསལ་སློབ་སྦྱོང་གི་གོ་སྐབས་ཞུ་ལེན་བྱ་བློ་ཡོད་རིགས་ནས་གོང་འཁོད་མཐོ་སློབ་གཉིས་ནས་གང་རུང་གཅིག་ནང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༥ འགྱངས་མེད་འཚུད་རྒྱུགས་གཏོང་ཐུབ་པ་དགོས་རྒྱུ་དང༌། འཚུད་རྒྱུགས་ནང་འཚུད་པ་རྣམས་ནས་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་འདི་གར་ཕྱི་ཟླ་ ༧ ཚེས་ ༢༠ འགྱངས་མེད་འབུལ་འབྱོར་ཐུབ་པ་དགོས་རྒྱུ། མཐོ་སློབ་གཉིས་ཀ་ཕྱི་ཟླ་ ༨ ཚེས་ ༡ ནས་སློབ་འགོ་འཛུགས་གནང་རྒྱུ་རེད་འདུག
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང༌།
༡༽ རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བཙན་བྱོལ་བོད་མི་བསྙོན་མེད་ཡིན་པ།
༢༽ མཐོ་སློབ་ཚད་ལྡན་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པ་དགོས།
༣༽ དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ བར་གཙང་ཕུལ་ཟིན་པ་དགོས།
ཕ་མ་བོད་ནང་ཡོད་པའམ། ཕ་མ་ཡ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནས་ངོས་སྦྱོར་ཞུ་འབུལ་དགོས།
༤༽ རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་དུས་འགྱངས་སླད་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཡོད་ཚེ་ལས་ཁུངས (Foreign Regional Registration Office,FRRO) དེའི་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་འབུལ་དགོས། བལ་ཡུལ་ཆེད་ཁྲིམས་མཐུན་གནས་སྡོད་ཀྱི་ཡིག་ཆ་གཞན་ལའང་དགོངས་བཞེས་གནང་རྒྱུ།
༥༽ བོད་མིའི་སྒྲིག་འཛུགས་ཁོངས་གི་ལས་བྱེད་ཡིན་པ་རྣམས་ནས་ཀྱང་སློབ་ཡོན་འདིའི་ཁོངས་འཛུལ་བཞུགས་ཆོག་ཅིང༌།
དོ་བདག་ནས་སློབ་སྦྱོང་ཆེད་སྲི་ཞུ་བའི་བླང་དོར་སྒྲིག་གཞིའི་དོན་ཚན་ཉེར་གཉིས་པའི་ནང་གསེས་ ང༽ པ་ལྟར་ཞབས་ལོ་ལྔ་ཧྲིལ་པོ་ལོན་པ་ཞིག་དགོས་པ་དང༌། དོན་ཚན་ཉེར་གཉིས་པའི་ནང་གསེས་ ཁ༽ ག༽ ཅ༽ ཆ༽བཅས་ལག་བསྟར་བྱ་རྒྱུར་མོས་མཐུན་ཡོད་དགོས།
༦༽ སློབ་ཡོན་འདིའི་ཁོངས་མི་འགྲོ་འཚུད་པ་གང་ཞིག་སློབ་མཚམས་བཞག་པ། སྒྲིག་གཞིའི་འབྲུ་དོན་གང་རུང་དང་འགལ་འཛོལ་བྱུང་ཚེ་སློབ་ཡོན་རོགས་རམ་མཚམས་འཇོག་བྱ་རྒྱུ་སྨོས་ཅི། དོ་བདག་ཆེད་དངུལ་གྲོན་ཇི་བཏང་ཕྱིར་སློག་དགོས་རྒྱུ།
༧༽ ལས་གཞིའི་ཐོག་མའི་དམིགས་ཡུལ་གཞི་བཞག་སློབ་སྦྱོང་མཇུག་སྒྲིལ་ཟིན་མཚམས་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ནང་ཉུང་མཐར་ལོ་ལྔ་ཞབས་འདེགས་ཞུ་དགོས། ཡང་དེའི་ཁོངས་ནས་སྲི་ཞུ་ལས་བྱེད་ཡིན་ན་སློབ་སྦྱོང་མཇུག་སྒྲིལ་ཟིན་མཚམས་ཉུང་མཐར་ལོ་ལྔ་ཞབས་ཞུ་ངེས་པར་བྱེད་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༣ ལ།།
Secretary
Department of Education, CTA.
Gangchen Kyishong
Dharamsala – 176215
Distt. Kangra, H.P.
Phone: 01892-226695, 222572, 222721
Fax: 01892-223481
e.mail: [email protected]
website: www.sherig.org