༢༠༡༦ ཟླ་ ༦ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ཁུལ་དུ་མཛད་འཕྲིན་བསྐྱང་ཆེད་བཞུགས་སྒར་ནས་ཆིབས་སྒྱུར་བསྐྱངས། སྐབས་དེར་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས། དེ་བཞིན་མེ་ཏོག་ཐོགས་ཏེ་མཇལ་ཞུ་དང་ལྷན་ཕེབས་སྐྱེལ་ཞུས། གོང་ཚེས་ཉིན་གྱི་ཆུ་ཚོད་ ༡༢ ཙམ་ལ་མགོན་པོ་གང་ཉིད་མཆོག་སྟོན་འཁོར་ལྷན་ཕེབས་འགྲོ་བརྒྱུད་ག་གྷལ་གནམ་ཐང་དང་། དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད།
དེ་ཡང་ཕྱི་ཟླ་ ༦ ཚེས་ ༡༣ ཉིན་གྱི་ཕྱེད་ཡོལ་ཨ་རིའི་རྒྱལ་ས་ཨ་རི་ཝ་ཤིང་ཊོན་དུ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག ཁུལ་དེར་རྟེན་གཞི་བྱས་པའི་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གི་ Bender Arena ཞེས་པའི་རྩེད་རར་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་དང་།
ཕྱི་ཚེས་ ༡༨ ཉིན་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་གྲོང་ཁྱེར་ཝེ་སི་ཊི་མིན་སི་ཊར་དུ་ཝེ་ཐི་ནམ་ནང་པའི་དགོན་པ་གསར་པར་ Dieu Ngu རང་གཞན་གཉིས་ཀར་རིན་ཐང་དཔྱིས་ཕྱིན་པ་ཞིག་ཡོང་ཆེད་བྱམས་བརྩེའི་གལ་གནད། ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ། ཕྱི་ཚེས་ ༡༨ ཉིན་ཝེ་ཐི་ནམ་ནང་པའི་དགོན་པ་གསར་པར་ཆོས་འབྲེལ་དང་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་རྒྱུ།
ཕྱི་ཚེས་ ༡༩ ཉིན་ཝེ་ཏི་ནམ་གྱི་ཆོས་དཔོན་ཝིན་ལིས་ཡིས་གསར་བཞེངས་གནང་བའི་ཝེ་ཐི་ནམ་ནང་པའི་དགོན་པ་དབུ་འབྱེད་ཀྱི་མཛད་སྒོར་དབུ་བཞུགས་མཛད་རྒྱུ་དང་། མཛད་སྒོར་བཅར་བའི་ཝེ་ཐི་ནམ་གཞོན་སྐྱེས་ཁག་གཅིག་དང་ལྷན་གླེང་མོལ་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༡ ཉིན་ཡུ་ཊ་གཙུག་ལག་སློབ་གཉེར་ཁང་དང་ཡུ་ཊ་བོད་ཀྱི་ཐེབས་རྩ་ཐུན་མོང་གིས་གོ་སྒྲིག་འོག ཨ་རིའི་ཡུ་ཊ་མངའ་སྡེའི་སོལ་ཊི་ལེཀ་ Salt Lake City གྲོང་ཁྱེར་དུ་ཡོད་པའི་ཡུ་ཊ་གཙུག་ལག་སློབ་ཁང་གི་ Huntsman Center ཞེས་པའི་རྩེད་རར་བྱམས་བརྩེ་དང་ཀུན་ཁྱབ་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཀོ་ལོ་རེ་ཌོ་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག ཨ་རིའི་ཀོ་ལོ་རེ་ཌོ་མངའ་སྡེའི་བྷོལ་ཌར་གྲོང་ཁྱེར་དུ་ཡོད་པའི་ཀོ་ལོ་རེ་ཌོ་གཙུག་ལག་སློབ་ཁང་གི་ Coors Event Center ཞེས་པའི་རྩེད་རར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་ཆོས་འབྲེལ་དང་། ཕྱེད་ཡོལ་ཁུལ་དེར་བསམ་བློའི་སློབ་གསོ། ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བསྩལ་རྒྱུ། ཕྱི་ཚེས་ ༢༥ ཉིན་ཨིན་ཌི་ཡ་ན་ནང་པའི་ཆོས་ཚོགས་དང་ Interfaith Cooperation and Compassionate Indy ཞེས་པའི་ཚོགས་པས་ཟུང་འབྲེལ་གྱིས་གོ་སྒྲིག་འོག བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན། Compassion as a pillar of World Peace ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་བཅས།།