༢༠༡༦ ཟླ་ ༦ ཚེས་ ༧ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནཱ་ལེནྡྲ་ཤིཀ་ཤ་(Nalanda Shiksha) ཞེས་པའི་རྒྱ་གར་ནང་པའི་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༧ ནས་ ༩ བར་ཉིན་གྲངས་གསུམ་རིང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་ནང་པ་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་བཞི་པའི་བཀའ་ཆོས་དབུ་འཛུགས་མཛད་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཡོལ་ཙམ་ཐོག་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། ནཱ་ལེནྡྲའི་ཤིཀ་ཤ་ཞེས་པའི་རྒྱ་གར་ནང་པའི་ཚོགས་པའི་ཚོགས་མི་ཁག་གཅིག་གིས་མགོན་པོ་གང་ཉིད་མཆོག་ལ་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་ལམ་ལུགས་ལྟར། མཆོད་ཡོན་དང་། ཞབ་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་བཅས་ཀྱི་མཆོད་རྫས་སྣ་ཚོགས་འབུལ་ལམ་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་འཕགས་པའི་ཡུལ་གྱི་སྟོན་པ་སངས་རྒྱས་པའི་ཆོས་བརྒྱུད་ཉམས་ལེན་བྱེད་མཁན་ཁྱེད་རང་ཚོ་རིགས་གཅིག་ཕ་མེས་ནས་ཉམས་ལེན་བྱེད་མཁན་རེད། རིགས་གཅིག་བར་སྐབས་ནས་སངས་རྒྱས་པའི་ཆོས་ལ་གཞི་ནས་དོ་སྣང་གསར་པ་སླེབས་མཁན་ཆགས་ཡོད། ལྷག་པར་ཌོག་ཊར་ཨམ་བྷེ་ཌི་ཀར་ལགས་ཀྱིས་དྲུང་ནས་དོ་སྣང་གསར་པ་སླེབས་པ་དེ་འདྲ་འདུག ཁོང་ལྟ་བུར་མཚོན་ན་མཛད་རྗེས་ཆེན་པོ་བཞག་ཡོད།
གང་ལྟར་འཕགས་པའི་ཡུལ་གྱི་སྟོན་པ་སངས་རྒྱས་པའི་རྗེས་འཇུག་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཡོད། སྔོན་མ་ནས་སྤྱོད་འཇུག་གི་ཆོས་འབྲེལ་བྱས་ཏེ་དེ་རིང་ལེའུ་བཞི་པ་འཁྲིད་རྒྱུ་ཡིན། འཕགས་པའི་ཡུལ་གྱི་ཆོས་གྲོགས་ཚོར་ཆོས་བཤད་རྒྱུར་ངོས་ལ་ཚོར་བ་དམིགས་བསལ་ཞིག་བསླེབས་ཀྱི་འདུག གང་ལ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་རྒྱ་གར་འཕགས་པའི་ཡུལ་ལ་བྱོན་ནས་མཛད་པ་མཛད་ཡོད། གནས་རྟེན་ཆེན་པོ་འོད་སྲུང་ལ་སོགས་པའི་སྟོན་པའི་གཏད་རབས་བདུན་དང་དེ་ནས་རིམ་པས་ཏཀ་ཤ་ཤི་ལ། ནཱ་ལེནདྲ། ཝི་ཀརྨ་ལ་ཤི་ལ་ལྟ་བུ་སྡེ་སྣོད་འཛིན་པའི་འདུས་སྡེ་དང་བཤད་གྲྭ་སོགས་ཀྱིས་སྟོན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དང་རྐང་འཁུར་བཞེས་རྒྱུ་དེ་འཕགས་པའི་ཡུལ་ནས་བྱུང་བ་རེད། དེར་བརྟེན་ང་ཚོས་འཆད་བཞིན་པ་དང་སོ་སོའི་ཉམས་སུ་ལེན་རྒྱུ་དེ་དག་ཐོག་མར་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས། བར་དུ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་ལུང་དང་རིག་པ། ལྷག་པར་རིག་པར་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཚུལ་དེ་དག་གཏན་ལ་ཕབ་ཡོད། དེ་ལྟ་བུའི་ཆོས་ཚུལ་སྤུས་དག་དེ་དུས་རབས་ ༨ ནང་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་བོད་ཀྱི་ཆོས་རྒྱལ་གྱིས་གདན་ཞུ་གནང་བ་ལྟར་བོད་ལ་ཕེབས་ཡོད། ཁོང་ནས་མར་སངས་རྒྱས་ཀྱི་ཆོས་དེ་དཔལ་ནཱ་ལེནྡྲའི་ཆ་ཤས་ནང་བཞིན་དར་ཡོད། དེར་བརྟེན་ལོ་རྒྱུས་ཀྱི་ཐོག་ནས་འཕགས་པའི་ཡུལ་གྱི་ཁྱེད་རང་ཚོ་ང་ཚོ་ཐོག་མའི་བོད་ཀྱི་རྣམ་དཔྱོད་ཀྱི་བློ་མིག་འབྱེད་མཁན་དགེ་རྒན་ལྟ་བུ་ཆགས་ཡོད། ང་ཚོས་ད་ལྟ་འཆད་བཞིན་པ་དེ་ལོ་རྒྱུས་ཀྱི་ཐོག་ནས་དངོས་གནས་དོན་གྱི་བདག་པོའི་ཚོད་དེ་ཁྱེད་རང་ཚོ་ཆགས་ཡོད། ང་ཚོས་ཁྱེད་རང་ཚོའི་མེས་པོ་ཚོ་ནས་གང་བསླབས་པ་དེ་དུས་ད་ལྟ་བར་བདག་པོ་བརྒྱབ་སྟེ་བསྡད་ཡོད། རྩ་བའི་དོན་གྱི་བདག་པོའི་ཚོད་དེ་སངས་རྒྱས་ཀྱི་ཆོས་འཛིན་མཁན་ཁྱེད་རང་ཚོ་ཆགས་ཡོད། དེར་བརྟེན་ངོས་ལ་དམིགས་བསལ་གྱི་ཚོར་བ་ཡོང་བཞིན་འདུག
རྒྱ་གར་འཕགས་པའི་ཡུལ་འདིའི་ནང་འཛམ་གླིང་འདིའི་སྒང་གི་ཆོས་བརྒྱུད་གཙོ་ཆེ་བ་ཕལ་ཆེར་ཚང་མ་ཡོད། རྒྱ་གར་གྱི་ཕ་མེས་ཀྱི་ཆོས་རྩིས་ན་ལོ་ངོ་སྟོང་ཕྲག་གསུམ་གྱི་རིང་རྒྱ་གར་ནང་གསར་དུ་བྱུང་བའི་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པའི་ཆོས་སོགས་དེ་དང་དེ་འདྲ་བའི་ཆོས་བརྒྱུད་མང་པོ་ཞིག་ས་ཆ་དེ་དག་རང་ལ་བྱུང་བ་ཞིག་ཆགས་ཡོད། པར་སི་དང་། ཇུའུ། ཡེ་ཤུ། ཁ་ཆེ་སོགས་ཕྱི་ནས་བྱུང་བ་ཞིག་རེད། རྒྱ་གར་ནང་ཆོས་བརྒྱུད་འདི་དག་ཚང་མ་གནས་ཡོད། དེང་སྐབས་འཛམ་གླིང་འདིའི་སྟེང་རྒྱལ་ཁབ་གཅིག་གི་ནང་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡོད་པ་དང་། དེ་དག་གི་ནང་རྙོག་གྲ་རེ་ཟུང་ཡོང་གི་རེད་ལ་ཡོང་སྲིད་པ་ཞིག་ཀྱང་རེད། སྤྱི་ཡོངས་ཀྱི་ཆ་ནས་དངོས་གནས་ཆོས་ལུགས་གཅིག་གི་གཅིག་ལ་བརྩི་བཀུར་བྱས་ནས་འགྲོ་རྒྱུ་ནི་འཛམ་གླིང་འདིའི་སྟེང་རྒྱ་གར་མིག་དཔེ་ལྟ་ས་ལྟ་བུ་ཆགས་ཡོད། བར་སྐབས་ནས་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་སླེབས་ཡོད། ཨོ་རི་ས་བོད་མིའི་གཞིས་ཆགས་ཀྱི་འཁྲིས་སུ་མི་སྟོང་ཕྲག་གཉིས་གསུམ་ཙམ་ཡོད་པའི་རྒྱ་གར་གྱི་ཡུལ་ཚོ་ཆུང་ཆུང་ཞིག་འདུག ཁོང་ཚོ་སྔ་དུས་ནས་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཡིན་ཞེས་བཤད་བྱུང་། གང་ལྟར་སྔ་མོ་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་འཇུག་མཁན་ཕྲན་བུ་ཡོད། ད་གིན་ངོས་ཀྱིས་ཞུས་པ་ལྟར་ཌོག་ཊར་ཨམ་བྷེ་ཌི་ཀར་སོགས་བརྒྱུད་ནས་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་བསླེབས་ཡོད།
བར་སྐབས་ནས་ཆོས་ལུགས་འདྲ་མིན་གྱི་ཐོག་སློབ་སྦྱོང་བྱེད་མཁན་དང་། ལྷག་པར་རྒྱུ་མཚན་ལ་བསམ་བློ་བཏང་ནས་དཔྱད་པ་བྱེད་རྒྱུ་སོགས་ལ་དོ་སྣང་བྱེད་མཁན། དཔེར་ན། ནུབ་ཕྱོགས་པར་མཚོན་ན་སངས་རྒྱས་པའི་ཆོས་ལ་དེ་སྔ་འབྲེལ་བ་གང་ཡང་མེད། དུས་རབས་ ༢༠ སྨད་ཆ་དང་དུས་རབས་ ༢༡ དུས་སྐབས་སུ་ནུབ་ཕྱོགས་པའི་ཚན་རིག་པའི་ནང་ནས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དང་རིགས་ལམ་གྱི་ཐོག་ནས་ཚད་མ་རིག་པའི་སྒོ་ནས་དཔྱད་པ་བྱེད་རྒྱུར་དོ་སྣང་དམིགས་བསལ་བསླེབ་འགོ་བཙུགས་ཡོད། དེ་ལྟ་བུའི་དུས་ཚོད་ལ་རྒྱ་གར་གྱི་ནང་ནས་སོ་སོའི་ཕ་མེས་ཀྱི་གཅེས་ནོར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཐོག་གཞི་ནས་དོ་སྣང་གསར་པ་སླེབས་བཞིན་པ་དེ་རྒྱུ་མཚན་ལྡན་པ་ཞིག་རེད་ལ་ཤིན་ཏུ་འོས་པ་ཞིག་ཀྱང་རེད། རྒྱ་གར་གྱི་ཕ་མེས་ནས་ཡོད་པའི་ལྟ་གྲུབ་དེ་ལོ་སྟོང་ཕྲག་ཁ་ཤས་ཕྱིན་པའི་ལྟ་གྲུབ་ཤིག་ཡིན་པ་མ་ཟད། དེང་སང་གི་དུས་ཚོད་ཚན་རིག་ཐོག་ནས་བརྟག་དཔྱད་བྱེད་རྒྱུའི་དུས་ཚོད་སྐབས་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་ཐོག་གསུང་པ་དེ་དག་ཕན་ཚུན་གཅིག་གི་གཅིག་ལ་བློ་སྐྱེད་ལེན་རྒྱུ་ཡོད་པ་ཞིག་གི་མཚམས་ལ་བསླེབས་ཡོད། རྒྱ་གར་ནང་སོ་སོ་ཕ་མེས་ཀྱི་ཆོས་ཡིན་ཞེས་པ་དེ་མིན་པར་སོ་སོའི་བསམ་བློ་བཏང་། དཔྱད་པ་བྱས་ནས་སོ་སོའི་ཕ་མེས་ནས་ཡོད་པའི་ལྟ་གྲུབ་གཏིང་ཟབ་དེར་དོ་སྣང་གསར་པ་ཞིག་བསླེབས་ཡོད། དེ་དངོས་གནས་རྗེས་སུ་ཡི་རང་བྱེད་རྒྱུ་ཞིག་རེད། དགའ་བ་སྐྱེས་འོས་པ་དང་ཤིན་ཏུ་འོས་པ་ཞིག་ཀྱང་རེད།
འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་ཆོས་ལུགས་ཚང་མས་བསླབ་བྱ་གཙོ་བོ་དེ་བྱམས་པ་དང་བརྩེ་བ་ཡིན། བྱམས་པ་དང་བརྩེ་བའི་ཉམས་ལེན་ཡག་པོ་ཞིག་ཡོང་བར་དེའི་འགལ་རྐྱེན་ཞེ་སྡང་ལ་གཉེན་པོ་བསྟེན་དགོས། དེར་བརྟེན་ཆོས་ལུགས་ཚང་མས་བཟོད་པ་དང་ཆོག་ཤེས། རང་ཁྲིམས་སྲུང་རྒྱུའི་བསླབ་བྱ་དེ་ཆོས་ལུགས་ཚང་མས་གསུང་བཞིན་ཡོད། བྱམས་པ་དང་བརྩེ་བ། བཟོད་པ་ལ་སོགས་ཉམས་ལེན་བྱེད་རྒྱུའི་རྒྱབ་རྟེན་ལྟ་བུ་དེ། རིགས་གཅིག་གིས་སྣོད་བཅུད་ཡོངས་རྫོགས་འཇིག་རྟེན་བཀོད་པ་པོས་བཀོད་པ་རེད། ང་ཚོ་ཚང་མ་འཇིག་རྟེན་བཀོད་པ་པོས་བཀོད་པ་དང་། འཇིག་རྟེན་བཀོད་པ་པོ་དེ་ང་ཚོའི་ཕ་ལྟར་ཡིན་པ། དེ་ལྟ་བུའི་བཀོད་པ་པོ་དེར་སྙིང་རྗེ་མཐའ་མེད་པ་ཞིག་ཡོད་པ་གསུང་བཞིན་ཡོད། རང་བཀོད་མཁན་གྱི་བཀོད་པ་པོ་དེའི་སྙིང་རྗེ་མཐའ་མེད་པ་ཞིག་ཡིན་དུས། དེ་ལྟ་བུའི་འཇིག་རྟེན་བཀོད་པ་པོས་བཀོད་པའི་གདུལ་བྱ་ཚོས་ཕའི་རྗེས་སུ་བསླབ་དགོས་ཀྱི་ཡོད།
གང་ལྟར་འཇིག་རྟེན་བཀོད་པ་པོ་འདོད་པའི་ལྟ་གྲུབ་ཅིག་བཤད་ནས་དེས་བྱམས་སྙིང་རྗེའི་ཉམས་ལེན་སྣལ་མའམ་ཡག་པོ་ཞིག་ཡོང་རྒྱུའི་རྒྱབ་རྟེན་ལྟ་བུ་ཞིག་ཆགས་ཡོད། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་དཔེར་ན། གྲངས་ཅན་ལྷ་མེད་པ་ཚོས་འཛིན་རྟེན་བཀོད་པ་པོ་མི་འདོད་མཁན་ཞིག་ཡིན་ནའང་བྱམས་པ་དང་བརྩེ་བའི་ཉམས་ལེན་གཙོ་བོ་ཆགས་ཡོད། དེ་ལྟ་བུའི་བྱམས་པ་དང་བརྩེ་བ། བཟོད་པ་སོགས་དགོས་པའི་རྒྱུ་མཚན་དེ་ལས་རྒྱུ་འབྲས་ཀྱི་ལྟ་གྲུབ་དེ་ནས་བཤད་ཀྱི་ཡོད། སོ་སོས་ལས་བཟང་པོ་ཞིག་བསགས་ནས་གཞན་ལ་ཕན་བཏགས། གཞན་ལ་བརྩེ་བ་བྱས་ན་རང་ལ་འབྲས་བུ་བདེ་སྐྱིད་ཡོང་གི་ཡོད། རང་གིས་གཞན་ལ་འཚེ་བ་བྱས། གནོད་པ་བྱས་པ་ཡིན་ན། རང་ལ་འབྲས་བུ་སྡུག་བསྔལ་ཡོང་གི་རེད། རྒྱུ་འབྲས་རྣམ་གཞག་ཐོག་ནས་སྙིང་པོ་ནི་ཡ་རབས་བྱེད་དགོས་པ་ཞིག་དང་། སེམས་པ་བཟང་པོ། སྤྱོད་པ་བཟང་པོ་བྱེད་དགོས་པའི་ཐོག་བསླབ་བྱ་གཅིག་གྱུར་རེད་འདུག
དེར་བརྟེན་འཛམ་གླིང་འདིའི་སྟེང་གནས་དང་དུས་མི་འདྲ་བར་བསྟན་པ་འདྲ་མིན་བྱུང་ནས། ཆོས་ཚུལ་འདྲ་མིན་གསུངས་ཡོད། དེ་དག་གི་མིར་ཕན་གྱི་ཡོད། འདས་པའི་ལོ་སྟོང་ཕྲག་གཉིས་ཙམ་རིང་ཆོས་བརྒྱུད་འདྲ་མིན་བྱུང་ནས་མི་ཁྱོན་ས་ཡ་བྱེ་བ་མང་པོར་ཕན་ཡོད་པ་མ་ཟད། ད་དུང་ཡིན་ནའང་ཕན་བཞིན་ཡོད། མ་འོངས་པར་ཡིན་ནའང་ཕན་རྒྱུ་རེད། འདི་དངོས་ཡོད་གནས་ཚུལ་རེད། དེར་བརྟེན་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་བརྒྱུད་མཐུན་ལམ་བྱེད་རྒྱུའི་མིག་དཔེ་བཟང་པོ་ཞིག་ཡོད་རེད་ལ། འདི་ཧ་ཅང་གལ་ཆེན་པོ་རེད་འདུག འདས་པའི་ལོ་རྒྱུས་ནང་དུའང་ཆོས་སྡེ་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་གཅིག་གིས་གཅིག་ལ་འགལ་ཟླ་བྱེད་རྒྱུ། སྡུག་ས་ནས་བཤད་པ་ཡིན་ན། འཁྲུག་པ་རྒྱག་རྒྱུ་ལོ་རྒྱུས་ནང་ཡོང་བཞིན་ཡོད་རེད། དེང་སྐབས་ཡིན་ནའང་ཆོས་སྡེ་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་རྒྱག་བཞིན་པ་དེ་འདྲ་ཡོང་བཞིན་འདུག དེ་དག་ང་རང་ཚོ་རྩ་བའི་ལྟ་གྲུབ་མི་འདྲ་བ་ཡོད་རེད་དེ། ཆོས་བརྒྱུད་ཚང་མས་བྱམས་བརྩེའི་བསླབ་བྱ་ཡོད་པ་དང་། བཟོད་པའི་ཉམས་ལེན་གྱི་བསླབ་བྱ་ཡོད་པ་དེ་དག་ལག་ཏུ་བླངས་ནས་ཆོས་བརྒྱུད་ཚང་མ་མཐུན་པོ་བྱེད་རྒྱུ། ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་ཁམས་དང་མོས་པ་མི་འདྲ་བའི་འདུལ་བྱར་ལྟ་གྲུབ་མི་འདྲ་བ་དགོས་རེད། དེ་འདྲ་ཡིན་དུས་ལྟ་གྲུབ་མི་འདྲ་བ་ཡོད་རེད་དེ་དམིགས་ཡུལ་ནི། བྱམས་བརྩེའི་ཉམས་ལེན་གོང་མཐོར་སྤེལ་རྒྱུ་ཡིན་སྟབས། བཤད་སྟངས་མི་འདྲ་བ་དང་། ལྟ་ཚུལ་མི་འདྲ་བ་ཡོད་པ་དེ་དག་མཁས་པས་རྣམ་དཔྱོད་ཐོག་ནས་བརྟག་དཔྱད་བྱེད་རྒྱུར་འདི་ཡོང་གི་རེད། ངོ་ཐོག་རང་ལ་ང་རང་ཚོ་སོ་སོའི་ཁམས་དང་མོས་པ་གང་དུ་རན་པོ་ཡོད་ན། དེའི་ཐོག་ཕྱིན་པ་ཡིན་ན་ཧ་ཅང་ཡག་པོ་རེད། གལ་ཆེ་ཤོས་ནི། ལག་ལེན་འགེལ་རྒྱུ་རེད། བྱམས་པ་དང་བརྩེ་བ་ཉམས་ལེན་བྱེད་རྒྱུ་གལ་ཆེ་ཤོས་རེད།
ད་སངས་རྒྱས་པའི་ཆོས་ལ་མི་འདྲ་བ་གང་ཡོད་བརྗོད་པ་ཡིན་ན། ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་པའི་སྐབས་སུ་ནས་བཅོམ་ལྡན་འདས་ཀྱིས་རྒྱུ་འབྲས་ཀྱི་འགྲོ་སྟངས་ཐོག་ནས་སྡུག་བསྔལ་གྱི་རྒྱུ་འབྲས་གཏན་དུ་བདེ་བའི་རྒྱུ་འབྲས་ཤིག་དེ་ལྟར་གསུངས་འདུག དེ་ཙམ་མ་ཟད་བདེ་སྡུག་བྱེད་པ་པོ་དང་བདེ་སྡུག་མྱོང་བ་པོ་འདི་ཕུང་པོ་ལས་དོན་གཞན་པའི་བདག་ཡོད་མ་རེད། ཕུང་པོ་ལ་རྟེན་ནས་བཏགས་པའི་བདག་མ་གཏོགས་ཕུང་པོ་ལས་དོན་གཞན་པའི་བདག་ཡོད་མ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ ཆོས་འབྲེལ་ཐོག་རྒྱལ་ཁབ་ཁག་ ༧༨ ནས་ཕྱི་རྒྱལ་བ་ ༡༦༣༣དང་། རྒྱ་གར་བ་ཁྱོན་གྲངས་ ༡༨༡༤། གྲྭ་བཙུན་དང་མི་མང་ཁྱོན་གྲངས་ ༤༣༤༣། རྒྱ་ནག་སྐམ་ས་ནས་ཁྱོན་མི་གྲངས་ ༡༩ བཅས་ཁྱོན་བསྡོམས་ཆོས་ཞུ་བ་གྲངས་ ༧༨༠༩
བརྒལ་བ་ཆོས་ཞུར་བཅར་འདུག ལེནྡྲ་ཤིཀ་ཤ་ཞེས་པའི་རྒྱ་གར་གྱི་ནང་པ་ཚོགས་པས་ཆོས་འབྲེལ་གོ་སྒྲིག་ཞུ་ཐེངས་ལྔ་པ་ཆགས་འདུག