༢༠༡༦ ཟླ་ ༦ ཚེས་ ༤ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་ ༣ བར་ཉིིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི། རང་རྒྱུད་ལ་སྐུལ་མ་འདེབས་པའི་དད་པའི་ལྗོན་ཤིང་། གི་བཀའ་ཁྲིད་ཁག་རེ་ཞིག་མཇུག་སྒྲིལ་མཛད་དེ་བཀའ་སློབ་སྩལ་སོང་།
དེ་ཡང་ཕྱི་ཚེས་ ༣ སྟེ་ཆོས་འབྲེལ་ཉིན་མཐའ་མའི་ཐོག་མགོན་པོ་གང་ཉིད་མཆོག་གིས་ཆོས་ཞུ་བ་ཚོར་བྱང་ཆུབ་སེམས་བསྐྱེད་ཀྱི་སྐོར་ངོ་སྤྲོད་མཛད་པ་དང་། དེ་བཞིན་གང་བློ་མའི་ལྗགས་ལུང་དང་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩལ་ཡོད། སྐབས་དེར་ཐོག་མར་སེམས་བསྐྱེད་དང་འབྲེལ་བའི་ཆོས་འབྲེལ་མཛད་སྐབས་རང་གཅེས་པར་འཛིན་པའི་བློ་རང་བཞིན་ཡོང་བཞིན་པ་དེའི་ཐོག་སློབ་སྦྱོང་བྱས་ནས་རྒྱུ་མཚན་བསམ་བློ་བཏང་བའི་སྒོ་ནས་ཇི་ཙམ་གྱིས་གཞན་དོན་ཆེད་བསམ་བློ་གཏང་ན་རང་གཞན་གཉིས་ཀར་ཕན་ཐོགས་ཡོད་སྟབས། སོ་སོ་གཅིག་པུ་མིན་པར་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་སྐོར་བཀའ་སློབ་སྩལ་དོན།
འཛམ་གླིང་འདིའི་སྟེང་གནས་པའི་སྲོག་ཆགས་ཚང་མར་ཕན་སེམས་བསྐྱེད། འཛམ་གླིང་བྱེ་བ་ཕྲག་བརྒྱ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཟེར་བ་ལྟ་བུ་དེས་གངྒཱའི་ཀླུང་གི་བྱེ་མ་སྙེདཀྱི་གྲངས་དང་མཚུངས་པར་མཐའ་མི་མངོན་པ་ཡོད་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ང་དང་གཅིག་པ་རེད། དེར་བརྟེན་ཚང་མར་བདེ་བ་བྱུང་ན་བསམ་པའི་བློ་རྒྱ་བསྐྱེད་སྐབས་སེམས་བསྐྱེད་ཅེས་པ་དེ་ཆགས་ཀྱི་རེད། ཅེས་བཀའ་སློབ་སྩལ་རྗེས་འཇམ་དཔལ་དབྱངས་ཀྱི་རྗེས་གནང་སྩོལ་སྐབས་ཤེས་རབ་དེ་སློབ་ཕྲུག་ཚོར་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། དེ་ཡང་སློབ་ཕྲུག་སོ་སོ་རང་ཉིད་ཀྱིས་སྦྱོང་བརྡར་གྱི་ཐོག་ནས་ཤེས་རབ་འཕེལ་བར་འབད་བརྩོན་བྱེད་དགོས་ཀྱི་རེད་ཅེས་བཀའ་སློབ་སྩལ་དོན། ཁྱེད་རང་ཚོ་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་རེད། དེར་བརྟེན་ཤེས་རབ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། གཙོ་བོ་སོ་སོས་སློབ་སྦྱོང་བྱས་ནས་ཐོས་བྱུང་དང་བསམ་བྱུང་གི་ཤེས་རབ་ཅེས་རིམ་པས་སོ་སོས་སྦྱོང་བརྡར་བྱས་ནས་ཤེས་རབ་གོང་ནས་གོང་དུ་འཕེལ་དགོས་པ་ཞིག་རེད། ཅེས་དང་།
དེ་བཞིན་༸གོང་ས་མཆོག་གིས་དབང་བཀུར་རྒྱུ་ལས་ནང་ཆོས་ངོ་སྤྲོད་གལ་ཆེར་རྩི་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན། ཉིན་གྲངས་གསུམ་གྱི་རིང་ང་ཚོས་སྐད་ཆ་བཤད་དེ་ནང་ཆོས་ངོ་སྤྲོད་གཙོ་བོར་བྱས་ནས་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ང་ཚོ་བོད་མིའི་ངོས་ནས་ག་ཚོད་བྱེད་ཐུབ་རྒྱུ་འདུག་གམ། ང་ཚོར་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་དེ་རྩ་ཆེན་ཡིན་པ་དང་། བོད་མི་རིགས་ཀྱི་ཁྱད་ཆོས་ཡིན་པ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་འདིས་མཚོན་ཐུབ་རྒྱུའི་སྐོར་ངོས་ཀྱིས་ངོ་སྤྲོད་བྱེད་རྒྱུ་འདི་རེད། ཁྱེད་རང་ཚོ་ང་ཚོ་མི་རྒན་ཚོས་རེ་བ་རྒྱག་ས་རེད། ཁྱེད་རང་ཚོས་རིག་པ་སྒྲིམ་ཏེ་ཧུར་ཐག་བྱོས། ཤེས་སོང་ངམ། ང་ཚོས་རེ་བ་བརྒྱབ་པ་བཞིན་ཡག་པོ་ཡོང་ཐུབ་པར་ཚང་མས་འབད་བརྩོན་བྱོས། དེ་ག་ཡིན་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།