ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ལོ་ར་ཊོ་དང་ནེའུ་མེཀ་སི་ཀོ་ཁུལ་གནས་སྡོད་བོད་རིགས་ ༦༥༠ ཙམ་ལ་བཀའ་སློབ་སྩལ་དོན། ང་ཚོ་བོད་མི་རིགས་ནི་སྤྱིར་མི་བརྒྱུད་ཀྱི་ཐོག་ནས་མི་རིགས་རྙིང་པ་ཞིག་ཆགས་ཀྱི་ཡོད། མི་རིགས་རྙིང་པ་ཡིན་པ་ཙམ་མ་ཟད། སྣོད་ཀྱི་བཀོད་པའང་འཛམ་གླིང་ཡང་ཐོག་ཅེས་ནམ་རྒྱུན་ཡོངས་གྲགས་བཤད་ཀྱི་ཡོད་པ་ནང་བཞིན་ས་ཆ་ཁོ་རང་ས་མཐོ་སྒང་འདྲ་ཞིག་ཡོད། ལོ་རྒྱུས་ཁ་ཤས་ནང་ཐོན་མི་སམ་བྷོཊས་བོད་ཡིག་ལེགས་བཅོས་གནང་བ་མ་གཏོགས་དེའི་གོང་བོད་ཡིག་ཡོད། ཞང་ཞུང་སྨར་ཡིག་ཡོད་པ་གསུངས་མཁན་འདུག གང་ལྟར་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བཟའ་དང་བལ་བཟའ་མཉམ་ཁྲུང་ས་བསྐྱོན་ནས་རྒྱ་བཟའ་བལ་བཟའ་གཉིས་ཀྱི་རྟེན་སྐལ་ལྟ་བུ་ཐུབ་དབང་གི་སྐུ་རེ་རེ་བསྣམས་ནས་ར་མོ་ཆེ་གཙུག་ལག་ཁང་དུ་ཐུབ་དབང་རྣམ་གཉིས་ཞེས་དེ་ལྟར་ཐོག་མར་སངས་རྒྱས་པའི་ཆོས་ལ་དོ་སྣང་སླེབས་སྟངས་འདི་ལྟར་བྱུང་བ་རེད། དེ་ནས་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཁོང་རྒྱ་བཟའ་རེད། ཁོང་གི་ཨ་མ་ལགས་རྒྱ་མི་རེད། རྒྱ་ནག་གོང་མའི་མི་བརྒྱུད་ཆགས་ཡོད།
ཁོང་གིས་ཐད་ཀར་དེའི་ཚེ་དེའི་དུས་སངས་རྒྱས་པའི་ཆོས་ཁུངས་གཏུགས་ས་ནི་ནཱ་ལེནྡྲ་ཆགས་ཡོད་སྟབས། ནཱ་ལེནྡྲ་རང་ནས་མཁས་པ་དེ་འདྲ་གདན་འདྲེན་ཞུ་རྒྱུ་དགོངས་པ་བཞེས་ཏེ་དེའི་ཚེ་དེའི་དུས་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ནས་གཞུང་རླབས་ཆེན་པོ་མཛད་ཡོད་པ་མ་ཟད། དབུ་མ་རང་རྒྱུད་པའི་ནང་རང་རྒྱུད་གོང་དང་འོག་མ་ཞེས་སློབ་དཔོན་ལེགས་ལྡན་རང་རྒྱུད་འོག་མ་དང་། མཁན་ཆེན་ཞི་བ་འཚོ་རང་རྒྱུད་གོང་མ་ཞེས་ནམ་རྒྱུན་ས་སྐྱ་པས་དེ་ལྟར་གསུང་སྲོལ་འདུག འདི་ཡག་པོ་འདུག མདོར་ན། བོད་གངས་ཅན་ལྗོངས་སུ་མཁན་ཆེན་ཞི་བ་འཚོ་ཕེབས། སློབ་དཔོན་རིན་པོ་ཆེས་མཁན་ཆེན་ཞི་བ་འཚོས་སངས་རྒྱས་ཀྱི་བསྟན་པ་དཔལ་ནཱ་ལེནྡྲའི་ཕྱག་སྲོལ་ནང་བཞིན་སྤེལ་གནང་བའི་སྐབས་སུ་ཕྱི་ནང་གི་འགལ་རྐྱེན་མང་པོ་འཕྲད་བཞིན་ཡོད་དུས་དེའི་རིང་འགལ་རྐྱེན་སེལ་རྒྱུ་ནི་སློབ་དཔོན་རིན་པོ་ཆེས་རྐང་ཐུགས་འགན་བཞེས་ནས་དེ་ལྟར་སངས་རྒྱས་པའི་བསྟན་པ་དཔལ་ནཱ་ལེནྡྲའི་བཞེད་སྲོལ་ནང་བཞིན་བོད་དུ་ཚུགས་ཡོད།
འགའ་ཤས་ཀྱི་དེ་འདྲ་ཤོད་མཁན་བྱུང་། མཁན་ཆེན་ཞི་བ་ཚོ་ཡོངས་གྲགས་བརྩིས་ན་དགུང་ལོ་བདུན་ཅུ་དོན་གྲངས་བརྒྱད་ཅུ་ཙམ་ཕེབས་ཡོད། ཁོ་རང་རང་གིས་བོད་ཡིག་ཐུགས་སྣང་གནང་བ་རེད། ཅེས་བཤད་རྒྱུ་འདུག གང་ལྟར་བོད་དུ་མ་འོངས་པར་ནང་པའི་ཆོས་བོད་རང་གི་སྐད་ཡིག་ཐོག་བསྒྱུར་ཏེ་བོད་པའི་སྐད་ཡིག་གི་རང་མགོ་ཐོན་པ་ཞིག་དགོས་ཀྱི་རེད། ལེགས་སྦྱར་དང་པཱ་ལིའི་སྐད་བསླབ་པ་དེའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་ལྟ་བུ་མ་གནང་བར། བོད་ཡིག་རང་གི་ཐོག་ནས་ཆ་ཚང་མགོ་ཐོན་པ་ཞིག་བྱེད་དགོས་ཀྱི་རེད། ཅེས་མཁན་ཆེན་ཞི་བ་ཚོས་གསུངས་པའི་ལོ་རྒྱུས་སྨྲ་བ་འགའ་ཤས་ནས་ཤོད་ཀྱི་འདུག
བོད་པ་རང་ལ་ཡོད་པའི་ཡི་གེའི་ཐོག་བཀའ་དང་བསྟན་བཅོས་དེ་དག་བོད་ཡིག་རང་གི་ཐོག་བསྒྱུར་རྒྱུ་འགོ་འཛུགས་པ་རེད། དེའི་ཚེ་དེའི་དུས་བོད་ཡིག་ཤེས་མཁན་ཡོད་པ་མ་གཏོགས་བོད་ཡིག་ཡར་རྒྱས་གང་ཡང་མེད། གཙོ་བོ་ལེགས་སྦྱར་སྐད་ནས་བཀའ་བསྟན་བཅོས་ཀྱི་མིང་ཚིག་ཡོད་པ་དེ་དག་བོད་ཡིག་ནང་ཚིག་གསར་པ་རིམ་བཟོས་བྱས་ནས་མཐར་དེང་སང་བཅོམ་ལྡན་འདས་ཀྱི་ཤེར་ཕྱིན་གྱི་མདོ་ལ་སོགས་པའི་མདོ་དེ་དག་དང་། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོས་མཛད་པའི་གཞུང་དེ་དག་བོད་ཡིག་ནང་བསྒྱུར་བ་དེ་དག་བསྒྱུར་སྤུས་དག་ཤོས་ཆགས་འདུག འདི་མཁས་པ་མང་པོས་བརྗོད་ཀྱི་འདུག
གང་ལྟར་ང་ཚོའི་སྐད་ཡིག་ཟུར་དུ་ཡོད་པ་དེ་དངོས་གནས་སྤོབས་པ་སྐྱེ་རྒྱུ་ཞིག་རེད། ངོས་རང་ལྷོ་ཨ་རི་སོགས་ལུང་པ་དེ་ཚོའི་ནང་ཕྱིན་པའི་སྐབས་སུ་ཡུལ་པ་དེ་འདྲས་སོ་སོའི་གོམས་གཤིས་དང་རིག་གཞུང་གཅེས་སྤྲས་སྲུང་སྐྱོབ་བྱེད་རྒྱུར་ཧ་ཅང་སེམས་འཁུར་གནང་གི་འདུག སོ་སོའི་རིག་གཞུང་གོམས་གཤིས་ཡོད་པ་དེ་དག་མ་བརླག་པའི་དོན་དུ་སྤྱི་ཚོགས་གསར་པའི་ནང་ཧ་ཅང་མ་འདྲེས་པར་བྱས་ནས་སྡོད་བཞིན་ཡོད། ཅེས་ཟེར་མཁན་དང་ངོས་རང་ཐུག་མྱོང་། ཁྱེད་རང་ཚོས་སེམས་ཤུགས་བསྐྱེད་པ་ཧ་ཅང་ཡག་པོ་རེད། ཡི་གེ་ཡོད་དམ། སྐད་ཆ་འདྲི་སྐབས། མང་ཆེ་བར་ཡི་གེ་མི་འདུག ངོས་ཀྱིས་ཁྱེད་རང་ཚོར་ཡི་གེ་དགོས་པ་རེད།
སོ་སོའི་སྐད་དེ་ཡིག་གཟུགས་མི་འདྲ་བ་ཞིག་བཟོ་བ་ཡིན་ན། ཁྱེད་རང་ཚོའི་གོམས་གཤིས་དང་རིག་གཞུང་མི་འདྲ་བ་ཡོད་པ་འདི་མུ་མཐུད་གནས་ཐུབ་ངེས་རེད། ངག་རྒྱུན་ཁོ་ནའི་ཁུངས་འཁྱོལ་གྱི་མ་རེད། ཅེས་བརྗོད་པ་ཡིན། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་སྦྱང་དགོས། དེང་དུས་ཀྱི་ཡར་རྒྱས་ཕྱིན་པའི་སྤྱི་ཚོགས་དང་འདྲེས་ནས་སོ་སོའི་རིག་གཞུང་དེ་འཛིན་ཐུབ་པ་བྱེད་དགོས་རེད་མ་གཏོགས་ཟུར་དུ་བསྡད་པ་ཙམ་གྱི་ཁུངས་འཁྱོལ་གྱི་མ་རེད། ཅེས་བརྗོད་བཞིན་ཡོད། དེ་དག་ཐུག་སྐབས་ང་ཚོ་བོད་པ་གཞི་ནས་སྤོབས་པ་སྐྱེ་རྒྱུ་ཞིག་འདུག
ང་ཚོ་བོད་པ་སོ་སོའི་ཡི་གེ་ཡོད། དུས་རབས་གསར་པའི་ནང་ང་ཚོས་གསར་བ་བཟོས་པ་རེད། ང་ཚོར་ལོ་སྟོང་ཕྲག་མང་པོའི་སྔོན་ནས་སོ་སོའི་ཡི་གེ་ཡོད། ཡི་གེ་འདིའི་ཐོག་ནས་དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བཤད་དགོས་བྱུང་ན། བོད་ཡིག་ཡག་ཤོས་རེད་མ་གཏོགས་རྒྱ་ནག་ལ་དེ་ཙམ་མི་འདུག ལུང་པ་གཞན་ཁག་ལའང་མེད། པཱ་ལིའི་ཆོས་བརྒྱུད་འཛིན་པ་གནང་མཁན་དེ་དག་གིས་དང་པོ་ནས་པཱ་ལིའི་ཆོས་བརྒྱུད་མ་གཏོགས་ལེགས་སྦྱར་ཆོས་བརྒྱུད་ལ་ཐུགས་སྣང་གནང་མེད། དེར་བརྟེན་བོད་ཀྱི་ཆོས་བརྒྱུད་འདི་ཕལ་ཆེར་འཛམ་གླིང་འདིའི་སྟེང་གི་ནང་པའི་ལུང་པ་དེ་དག་གི་ནང་བོད་འདི་ཕལ་ཆེར་སངས་རྒྱས་པའི་ཆོས་ཆ་ཚང་བ་ཡོད། དེར་བརྟེན་འདི་ང་ཚོ་བོད་མི་རིགས་སྤོབས་པ་སྐྱེ་རྒྱུ་ཞིག་ཆགས་འདུག དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཧ་ཅང་གལ་ཆེན་པོ་རེད། སྐུ་མདུན་སྐུ་གོང་མ་རྒྱ་ནག་ལ་ཕེབས་དེ་ནས་རྒྱ་གར་དུ་ཕེབས་ཏེ་འཛམ་གླིང་ཕྱི་ལོགས་གཟིགས་ཡོད་སྟབས། དེང་དུས་ཀྱི་ཤེས་ཡོན་དགོས་གལ་གཟིགས་ཏེ་ཕལ་ཆེར་ཕྱི་ལོ་ ༡༩༡༣།༡༩༡༤ ལོར་ཨིན་ལེནཌ་ལ་སློབ་ཕྲུག་མི་ཙམ་བཏང་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད།།