༢༠༡༦ ཟླ་ ༦ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༥ རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཚུ་ཚོད་ ༡༠།༠༠ ཐོག་བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཉམས་གསོ་ལེགས་གྲུབ་བྱུང་བ་དབུ་འབྱེད་གནང་བ་མ་ཟད། ཉམས་གསོ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་དང་སྦྲགས། ལས་ཁུངས་ནང་གཟིགས་སྐོར་གནང་བསྟུན། རྟེན་འབྲེལ་མཛད་སྒོ་ཚོགས། སྐབས་དེར་ཐོག་མར་སྐུ་མགྲོན་གཙོ་བོས་གཙོས་སིམ་ལ་ས་གནས་ཚོགས་སྐྱིད་ཁག་གི་འཐུས་མི་རྣམས་པས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་གྲུབ་བསྟུན།
རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ་བ་དང་ལྷན་ཐོག་མར་ས་གནས་འགོ་འཛིན་ལས་ཚབ་བསྟན་འཛིན་ཚུལ་ཁྲིམས་ལགས་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ལགས་གཉིས་ནས་འཚམས་འདྲི་དང་སྦྲགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གཙོས་རོགས་ཚོགས་ཀྱི་ལས་བྱེད་སོགས་རོགས་རམ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་དཀའ་དྲིན་ཆེ་ཞུས་པ་མ་ཟད། འབྱུང་འགྱུར་དཀའ་ངལ་སེལ་ཆེད་རོགས་རམ་གང་ཐུབ་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་འཐུས་མཆོག་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་ཕྱག་རྟགས་ཤིག་ཕུལ།
དེ་རྗེས་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གསུང་བཤད་གནང་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ། གཞི་རྩའི་ཕྱི་ལོ་ ༢༠༡༦ ཟླ་ ༤ ནང་བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་གཞིས་ཆགས་སུ་གཟིགས་སྐོར་ཕེབས་སྐབས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གནས་སྟངས་སྐྱོ་གྲས་སུ་གཟིགས་ཏེ་ཉམས་གསོ་གནང་དགོས་ལུགས་གསུངས་པ་དང་སྦྲགས། ལས་ཁུངས་ཉམས་གསོ་སླད་སི་སྤན་ Casa Del Tibet རོགས་ཚོགས་བརྒྱུད་ནས་རོགས་དངུལ་ལྔ་འབུམ་བརྒྱད་ཁྲི་ ༥་༨༤་༠༠༠། གནང་སོན་བྱུང་ཡོད་པ་བཅས།།